མཚོ་སྔོན་གྱི་གླ་ཚེར་རིགས་ཀྱི་ཐོན་རྫས་རྒྱལ་ཁབ་32ལ་ཕྱིར་འཚོང་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་དབྱི་ནཱ་ཝེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་གླ་ཚེར་གྱི་ཤིང་ཏོག་སྣུམ་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་དང་རིམས་བཤེར་བྱས་རྗེས་ཚད་གཞི་ལོན་ནས་མོ་ཞི་ཁོར་ཕྱིར་གཏོང་བྱས་པ་རེད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། མཚོ་སྔོན་ཞིང་ཆེན་གྱི་གླ་ཚེར་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱས་པའི་རིན་ཐང་སྒོར་ཁྲི་892.2ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ནས་ཁྲོམ་ར་དང་ཐོག་གི་ཀྲུང་གོའི་ཤང་ཀང་ནས་སི་ཕེན་དང་། ཐེ་ལན། ཐུར་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ་32བར་རྒྱ་ཆེར་ཕྱིན་པ་རེད།
མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་གླ་ཚེར་ཐོན་ཁུངས་ཆགས་ཡུལ་གྱི་ཞིང་ཆེན་གཙོ་བོའི་གྲས་ཤིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་245.53ཡོད་པ་དང་། འཛམ་གླིང་ཐོག་གི་གླ་ཚེར་ཐོན་ཁུངས་ཁྱབ་པའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། ས་བབ་མཐོ་ཞིང་སྦགས་བཙོག་མེད་པའི་སྐྱེ་ཁམས་ཁོར་ཡུག་ལས་མཚོ་སྔོན་གྱི་གླ་ཚེར་ལ་གྲུབ་ཆ་བཟང་པོ་ལྡན་པ་དང་རང་བྱུང་སྐྱེ་ལྡན་གྱི་སྤུས་ཚད་ལྡན་པར་མཐུན་རྐྱེན་སྦྱར་བ་མ་ཟད། ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་རྨང་གཞི་ཡག་པོ་བཏིང་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཞིང་ཆེན་ནང་ཁུལ་གྱི་ཕྱིར་གཏོང་ཁེ་ལས་ཀྱིས་གླ་ཚེར་སྣུམ་དང་གླ་ཚེར་ཕྱེ་མ་སོགས་རྩེར་སོན་ཐོན་ལས་ཞིབ་སྤེལ་དང་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ་ལུས་ཁམས་བདེ་སྲུང་དང་སྨན་སྤྱོད་ཀྱི་ལས་སྣོན་ཞིབ་ཚགས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
འབྲེལ་ཡོད་གསར་འགྱུར།