2026ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ།
ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀན་སུའུ་ཞིང་ཨུད་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་ཀན་སུའུ་ཧུའེ་ཉིང་རྫོང་དུ་སྤེལ་བ་རེད།
བྱེད་སྒོ་དེ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རས་ཕན་ཚུན་མཉམ་འགུལ་བྱས་ནས་སྤེལ་ཞིང་། ཚོགས་ར་གཙོ་བོ་ཧུའེ་ཉིང་རྫོང་མི་དམངས་ཐང་ཆེན་དུ་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་རི་མོ་མཁས་ཅན་མཐུན་ཚོགས་དང་། ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས། ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་སོགས་ཀྱི་ཚོགས་མིའི་འཐུས་མི། རྒྱལ་ཡོངས་ཀྱི“སྨན་པ་ཡག་ཤོས”ཀྱི་འཐུས་མི། ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་དང་། རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་དང་བླངས་པའི་འཐུས་མི་བཅས་ཀྱིས་ཧུའེ་ཉིང་གི་མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་དང་། སོ་ནམ་ལག་རྩལ་མཛུབ་ཁྲིད། ཚན་རིག་ཁྱབ་གདལ། བདེ་ཐང་འོས་འགན་སྨན་བཅོས། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་ཞུ་སྤེལ་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་རིག་རྩལ་ཚོགས་པ་དང་རིག་རྩལ་ལས་དོན་པའི་འཐུས་མིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ། གཤམ་སྐྱོད་ཡན་ལག་རུ་ཁག་5ཡིས་ཤང་དང་གྲོང་རྡལ་གྱི་ཡན་ལག་ཚོགས་རར་བསྐྱོད་དེ་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་དང་། སྨན་བཅོས་ཞབས་ཞུ། ཞིང་ལས་ལག་རྩལ་སོགས་ཀྱི་ཐོན་ཁུངས་ཞིང་པ་མང་ཚོགས་ཀྱི་སར་བསྐྱལ་ཡོད། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཀན་སུའུ་ཞིང་ཆེན་གྱིས་ད་དུང་ཞིང་ཆེན་དང་རྫོང་གི་ཆ་འགྲིག་འབྲེལ་གཏུག་ས་ཚིགས་12བཙུགས་ནས་ལམ་སྲོལ་ཅན་གྱི་བཀོད་སྒྲིག་བྱས་ཏེ། རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་རྒྱུན་དུ་ཤང་དུ་གནས་པ་དང་རྒྱུན་དུ་ཕན་པ་ཐོབ་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།