《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྲོལ་ཡིག》ཟླ་6ཚེས་1ཉིན་ནས་ལག་ལེན་བསྟར་བ།
སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ནི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ལ་སྤྱི་འདོམས་བྱེད་པའི་གཞི་རྩའི་བྱེད་སྟངས་ཤིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)2026ལོའི་ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་ཡོད།
《སྲོལ་ཡིག》ལ་ཁྱོན་བསྡོམས་དོན་ཚན་ཉེར་གཅིག་ཡོད་ཅིང་། ལྟ་སྐུལ་སྒྲིག་སྲོལ་དང་། ཁྱབ་ཁོངས། བྱེད་སྟངས། གོ་རིམ། འགན་སྲུང་བཅས་སྲོག་ཤིང་ཆེན་པོ་ལྔ་ལ་དམ་པོར་དམིགས་ནས་འཁོར་སྦྲེལ་ཆ་ཚང་དང་གདུབ་ཟུམ་རྣམ་པའི་ལྟ་སྐུལ་མ་ལག་བཏོད་ཡོད།
《སྲོལ་ཡིག》ནང་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ནི་སྲིད་འཛིན་ལས་ཁུངས་ནང་ཁུལ་གྱིས་སྲིད་འཛིན་ཁྲིམས་སྒྱུར་ལ་རིམ་པ་བཞིན་ལྟ་སྐུལ་བྱེད་པ་ཞིག་ཡིན་པ་ཁ་གསལ་བཏོན་པ་དང་། “སྲིད་གཞུང་གིས་འགོ་ཁྲིད་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་འགན་འཁུར་བ། ཤང་གྲོང་གིས་གཞོགས་འདེགས་བྱེད་པ། ཕྱོགས་ཁག་ཞུགས་པ”བཅས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྒྲིག་སྲོལ་ལེགས་སུ་བཏང་བ་དང་འགན་འཁྲིའི་མཐའ་ཚད་གསལ་པོ་བཟོས་ཡོད། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྲིད་འཛིན་ཁྲིམས་སྒྱུར་གྱི་ལག་ལེན་ཁྲོད་ཀྱི་གཙོ་གནད་དང་། དཀའ་གནད། འགག་གནད་བཅས་དང་ཟུང་འབྲེལ་དམ་ཟབ་ཀྱིས། ལྟ་སྐུལ་གྱི་ནང་དོན་གཙོ་བོ་བཅུ་གཉིས་ཁ་གསལ་བཟོས་པ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་དུ་འཁོར་སྐྱོད་ཚད་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། “རྒྱུན་གཏན་གྱི་ལྟ་སྐུལ་དང་། ཆེད་དོན་ལྟ་སྐུལ། གཙོ་གནད་ལྟ་སྐུལ”བཅས་ཀྱི་བྱེད་སྟངས་སྣ་མང་བཏོད་ནས་ལྟ་སྐུལ་སྒྲིག་གཞིས་ལྟ་སྐུལ་ལག་བསྟར་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་བ་དང་། འཇམ་རྩུབ་མཉམ་སྤྱོད་ཀྱི་ལྟ་སྐུལ་བྱེད་སྟངས་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་ཡག་པོ་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་གནད་དོན་དག་ཐེར་གྱི་གདུབ་ཟུམ་ལམ་སྲོལ་ཆ་ཚང་ཞིག་བཙུགས་ནས་གནད་དོན་དག་ཐེར་གྱི་བླང་བྱ་ཁ་གསལ་བཟོ་བ་དང་། གནད་དོན་གལ་ཆེན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་དང་བརྡ་ཁྱབ་ནན་པོ་གཏོང་བ་བཅས་བྱས་ཏེ་ལྟ་སྐུལ་ཁྲལ་སེལ་ཙམ་མིན་པར་དངོས་ཕན་ཐོབ་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།