དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཇར་ཀྲུང་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད”

    འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མངོན་མེད་ཨང་དང་པོའི་སློབ་ཚོགས་ཀྱི་ཀྲུའུ་ཞི་ཏུའོ་ལིན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-04

    “ཀྲུང་གོ་ནི་འཇར་མན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད”ཅེས་ཉིན་ཤས་གོང་འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མངོན་མེད་ཨང་དང་པོའི་སློབ་ཚོགས་ཀྱི་ཀྲུའུ་ཞི་ཝར་ཐེ·ཏུའོ་ལིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཡོད་ཅིང་། ཁོང་གིས། “ཀྲུང་གོའི་འཕེལ་ངོ་ཧ་ཅང་ཡག་པོ་འདུག་ལ་གསར་གཏོད་ཀྱི་ནུས་པའང་ཆེན་པོ་ལྡན་པས་འཇར་ཀྲུང་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད”ཅེས་བརྗོད།

    “མངོན་མེད་ཨང་དང་པོ”ཞེས་པ་ནི་ཞིབ་ཕྲའི་ཁྱབ་ཁོངས་སམ་ལས་རིགས་ཤིག་ནང་གོ་ལ་ཧྲིལ་པོའི་སྔོན་ཐོན་ཁྲོམ་རའི་གནས་བབ་ལྡན་པའི་ཁེ་ལས་འབྲིང་ཆུང་ལ་ཟེར་ཞིང་། མིག་སྔར་འཇར་མན་གྱི་གོ་ལ་ཧྲིལ་པོའི་ཁྲོམ་རའི་སྔོན་ཐོན་ཁེ་ལས་500ཙམ་ཁྲོད་ཀྱི་90%ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་ལས་བྱེད་ཀྱི་ཡོད། འཇར་མན་གྱི་ཁེ་ལས་འབྲིང་ཆུང་གིས་ཀྲུང་གོའི་སྲིད་ཇུས་དང་ཁྲོམ་རའི་ཁོར་ཡུག་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་ཆེད། ཏུའོ་ལིན་གྱིས་འཇར་མན་གྱི་ཁེ་ལས་ཀྱི་སྣེ་ཁྲིད་དེ་ཀྲུང་གོར་ཡོང་ནས་ཀྲུང་འཇར(ཡོ་རོབ)གྱི་མངོན་མེད་ཨང་དང་པོའི་གླེང་སྟེགས་ལ་ཞུགས་པ་རེད། ད་ལོའི་ཟླ་5པར། འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མངོན་མེད་ཨང་དང་པོའི་སློབ་ཚོགས་ཀྱིས་པེ་ཅིང་དུ་གཉེར་བའི་ཀྲུང་འཇར(ཡོ་རོབ)གྱི་མངོན་མེད་ཨང་དང་པོའི་གླེང་སྟེགས་སྐབས་གསུམ་པའི་ནང་ཞུགས་པ་དང་ཏུའོ་ལིན་སླར་ཡང་ཀྲུང་གོར་སླེབས་ཡོད།

    ཏུའོ་ལིན་གྱིས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པ་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་ཀྲུང་འཇར(ཡོ་རོབ)གྱི་མངོན་མེད་ཨང་དང་པོའི་གླེང་སྟེགས་ནང་ཡང་ཧུར་ཐག་ཞུགས་ནས་འཇར་མན་གྱི“མངོན་མེད་ཨང་དང་པོའི”ཁེ་ལས་སོགས་ཁེ་ལས་འབྲིང་ཆུང་ལ་དོ་ཁུར་བྱེད་ཚད་ཆེ་རུ་ཕྱིན་ཡོད། ད་ལོའི་གླེང་སྟེགས་ཀྱི་གཞི་ཁྱོན་དེ་བས་ཆེ་བ་དང་ཁེ་ལས་ཞུགས་ཚད་དེ་བས་མང་དུ་ཕྱིན་ཡོད་པས་འཇར་ཀྲུང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བརྗོད་གཞི་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བརྗོད།

    ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་རེད། ཏུའོ་ལིན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱིས་འཇར་ཀྲུང་དང་ཡོ་ཀྲུང་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་། ཁོང་གིས། “ང་ཀྲུང་གོར་འཚམས་འདྲི་ཡོང་ཐེངས་དང་པོ་ནི་1996ལོ་སྟེ་ལོ་30ཡི་གོང་རེད་ཅེས་བརྗོད། ཁོང་གིས་ད་ཆ་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དེ་བས་སྒོ་དབྱེ་དང་གསར་གཏོད་ནུས་པ་དེ་བས་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་གྲངས་འབོར་མང་བ་དང་གཞི་ཁྱོན་ཆེ་བའི་འཇར་མན་ཁེ་ལས་ཀྱིས་མ་འཇོག་བྱེད་པའི་ཡིད་དབང་བཀུག་ཡོད། འཇར་ཀྲུང་ཁེ་ལས་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་མཐོང་ཆེན། ཕན་ཚུན་ཡིད་ཆེས་བཅས་བྱེད་པའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་ཡོད་ལ་གཉིས་ཕན་མཉམ་ལས་ཀྱང་ཉིན་བཞིན་ཟབ་ཏུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏུའོ་ལིན་གྱིས་ད་ལོའི་ཟླ་2པར་འཇར་མན་གྱི་ཙུང་ལི་མོ་ཚི་ཡིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་དེ་འཇར་མན་དང་། ཡོ་རོབ། ཀྲུང་གོ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་ཁབ་གཉིས་པོས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པས་འཇར་མན་གྱི་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོར་མཉམ་ལས་བྱེད་པའི་གདེང་ཚོད་སྔར་བས་འཕེལ་བའི་ངོས་འཛིན་བྱས་ཡོད།

    ཏུའོ་ལིན་གྱིས་འཇར་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་བདེ་བླག་ངང་སྐུལ་འདེད་གཏོང་བའི་འགག་རྩ་ནི་འབྲེལ་རྒྱུན་མི་ཆད་པ་བྱ་རྒྱུར་རག་ལས་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས། “འབྲེལ་ཡོད་ཀྱི་བརྗོད་ཚུལ་དེ་ནི་ཁུངས་མེད་གཏམ་འཆལ་རང་རེད། མི་སུ་འདྲ་ཞིག་གིས་ཀྱང་འཛམ་གླིང་གི་གཞི་ཁྱོན་ཆེ་ལ་གྲུབ་འབྲས་ཐོབ་པའི་དཔལ་འབྱོར་སྡེ་གཞི་གཉིས་ཕན་ཚུན་ལོགས་སུ་ཕྲལ་ཐབས་མེད། ས་འབྲེལ་ཆབ་སྲིད་ཟང་ཟིང་ཆེ་བའི་དེང་གི་དུས་འདིར་འཇར་མན་དཔལ་འབྱོར་ལས་རིགས་ཀྱིས་ཀྲུང་གོར་དེ་བས་དོ་ཁུར་བྱས་ཏེ་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།