ཕྲུ་གུར་ཁ་པར་དང་བཅས་པའི་རིག་ནུས་རྩེད་ཆས་ལུགས་མཐུན་གྱིས་བཀོལ་སྤྱོད་ཇི་ལྟར་བྱེད་དུ་འཇུག་དགོས་སམ།
མིག་སྔར། རིག་ནུས་ལག་ཐོགས་ཁ་པར་གྱིས་གཙོས་པའི་རིག་ནུས་རྩེད་ཆས་མང་པོ་གཞོན་ནུ་ལོ་ཆུང་གི་འཚོ་བར་ཁྱབ་ནས་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ངང་འཚར་ལོངས་དང་། ཡང་དག་པའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་ཤུགས་རྐྱེན་ཐེབས་དང་ཐེབས་བཞིན་ཡོད་པའི་སྐོར་མང་དུ་ཐོས་རྒྱུ་ཡོད་པ་རེད། འོ་ན། རིག་ནུས་དང་དྲ་རྒྱ་འཕེལ་རྒྱས་ཆེ་བའི་དུས་རབས་འདིར་གཞོན་ནུ་ལོ་ཆུང་གིས་རིག་ནུས་ཁ་པར་སོགས་ཀྱི་རྩེད་ཆས་ཇི་ལྟར་ལུགས་མཐུན་གྱིས་བཀོལ་སྤྱོད་བྱས་ན། ད་གཟོད་ཁོང་ཚོའི་བསམ་བློ་དང་། གོམས་གཤིས། རིན་ཐང་ལྟ་བ་སོགས་ལོ་ནའི་ཁྱད་ཆོས་བཞིན་འགྱུར་ལྡོག་འགྲོ་ཐུབ་བམ། གནད་དོན་འདིར་དམིགས་ནས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པ་ལྷ་ས་གྲོང་ཁྱེར་སློབ་འབྲིང་ལྔ་པར་བསྐྱོད་ནས། སློབ་གསོའི་འཐབ་ས་མདུན་མར་དཔེ་ཁྲིད་མི་སྐྱོང་གི་ཕྱག་ལས་གནང་དང་གནང་བཞིན་པའི་རྒན་འོད་ཟེར་ལགས་ལ་བཅར་འདྲི་ཞུས་པ་ཡིན།
གསར་འགོད་པ། རྒན་ལགས་སྐུ་ཁམས་བཟང་། དེང་གི་གཞོན་ནུ་ལོ་ཆུང་རིག་ནུས་རྩེད་ཆས་ལ་དབྱིངས་ཞུགས་པའི་སྐོར་ལ་མི་མང་པོས་ལབ་གླེང་རྒྱ་ཆེ་ཙམ་བྱེད་བཞིན་འདུག་པས། དེའི་ཐད་རྒན་ལགས་ལ་དགོངས་ཚུལ་གང་འདྲ་ཡོད་མེད་ཅིག་གསུང་རོགས་གནང་།
འོད་ཟེར། སྐུ་ཁམས་བཟང་། དེའི་ཐད་ལ་ངས་ཕྱོགས་ཡོངས་དང་ཆ་ཚང་བ་ཞིག་བརྗོད་མ་ཐུབ་རུང་ང་རང་གི་ལྟ་ཚུལ་མདོ་ཙམ་བརྗོད་ན། སློབ་མ་མང་པོ་ཞིག་ལག་ཐོགས་ཁ་པར་ལ་མགོ་འཁོར་བ་རྒྱུན་གཏན་ཅན་དུ་འགྱུར་བ་དང་དེས་མི་མངོན་པའི་ཚུལ་གྱིས་སློབ་མའི་རྒྱུན་གཏན་གྱི་འཚོ་བར་གནོད་འཚེ་བཟོ་ཡི་འདུག དེ་ནི་སྤྱིར་ན་ཚང་མས་མཁྱེན་གསལ་ཞིག་རེད། རྒྱུན་གཏན་ལྟ་ཞིབ་བྱས་པ་ལྟར་ན། ཧ་ལམ་སློབ་འབྲིང་སློབ་མ་ཕལ་མོ་ཆེས་དྲ་རྒྱའི་ལས་སྟེགས་སྣ་ཚོགས་བྱང་ཆུབ་པར་སྤྱོད་ཐུབ་པ་མ་ཟད། སློབ་གསེང་གི་ཁོམ་པ་མང་པོ་ཞིག་ལག་ཐོགས་ཁ་པར་རྩེ་བར་སྤྱོད་ཀྱི་ཡོད་ཅེས་སྨྲས་ན་མི་ཆོག་པ་མེད། དཔེར་ན། འཁྱུག་ལག་ཅེས་པའི་ལས་སྟེགས་དེར་དོ་དམ་དང་ཚོད་འཛིན་གྱི་སྒྲིག་གཞི་ད་དུང་འཐུས་སྒོ་ཚང་པོ་མེད་སྟབས། ན་སོ་དར་ལ་མ་འབབ་པའི་ཕྲུ་གུ་མང་པོ་དེར་དབྱིངས་ཞུགས་ཀྱི་འདུག་པས། དེ་ནི་ཉེན་ཁ་ཆེ་བའི་སྣང་ཚུལ་ཞིག་རེད། གང་ལེགས་ཤེ་ན། ན་སོ་དར་ལ་མ་བབས་པའི་ཕྲུ་གུ་ཚོའི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་ད་ལྟ་གྲུབ་དང་འགྲུབ་བཞིན་པའི་སྒང་ཡིན་པས། ཁོང་ཚོའི་བསམ་བློའི་ཁ་ལོ་འགྱུར་བདེ་པོ་དང་བློ་ཁ་གཞན་དུ་ཁྲིད་བདེ་པོ་ཡོད།
གསར་འགོད་པ། སློབ་མ་རིག་ནུས་ཁ་པར་ལ་དབྱིངས་ཞུགས་པ་དེས་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་གང་དག་ཐེབས་ཀྱི་འདུག་གམ།
འོད་ཟེར། སློབ་ཕྲུག་ཁག་གཅིག་གིས་དགོང་མོ་དུས་ཐོག་ཏུ་གཉིད་མ་ཉལ་བར་ལག་ཐོགས་ཁ་པར་ལ་མགོ་འཁོར་ནས་སྡོད་ཀྱི་འདུག དེས་རྐྱེན་པས་ཉིན་མོ་སློབ་ཚན་འཚོག་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་རྒྱུ་ལྟ་ཅི། ཉིན་གང་ཉབ་བེ་ཉོབ་བེའི་ཚུལ་དུ་གནས་པས་སློབ་སྦྱོང་ལ་སྦྱངས་འབྲས་བཟང་པོ་མི་ཐོབ་པ་ནི་སྨྲོས་མི་དགོས་པ་ཞིག་རེད། དེ་བས་ལག་ཐོགས་ཁ་པར་ལྟ་བ་དེ་སློབ་མ་མི་ཉུང་བའི་གོམས་གཤིས་སུ་གྱུར་ཟིན་ནས། ཁོམ་པ་བྱུང་མ་ཐག་འཕྲལ་མར་ལག་ཐོགས་ཁ་པར་ལ་ལྟ་བ་ལས་རང་འགུལ་ངང་ལྟ་ཀློག་དང་། ལུས་སྦྱོང་། བསམ་གཞིག་བྱེད་པ་ནི་ཤིན་ཏུ་དཀོན་པར་སྣང་། ང་ཚོ་དུས་རྒྱུན་གཟའ་འཁོར་རེར་ངལ་གསོ་ཉིན་གཉིས་རེ་འཇོག་པ་ནི་ཚན་རིག་དང་མཐུན་པ་ཞིག་རེད། དེ་ནི་རེས་གཟའ་ཟླ་བ་ནས་རེ་གཟའ་པ་སངས་བར་སློབ་ཚན་འཚོགས་པས་ལུས་སེམས་གཉིས་ཀར་དཀའ་ལས་མི་ཉུང་བ་ཞིག་བྱུང་ཡོད་སྟབས། གཟའ་མཇུག་གི་ཉིན་གཉིས་རིང་ལུས་སེམས་ངལ་གསོ་དགོས་པ་རེད། ཡིན་ནའང་། སློབ་མ་ཕལ་མོ་ཆེས་གཟའ་མཇུག་གི་ཉིན་གཉིས་རིང་ངལ་གསོ་ཡག་པོ་མ་བརྒྱབ་པར་རིག་ནུས་ཁ་པར་ཁོ་ནར་གཡེངས་པས། སློབ་གྲྭར་འབྱོར་སྐབས་གྲུང་ཤ་དོད་པོ་མེད་པ་རེད། དེ་ནི་མིའི་ལུས་སེམས་འཚར་ལོངས་ཀྱི་ཆོས་ཉིད་དང་གཏན་ནས་མི་མཐུན་པ་ཞིག་རེད། ངལ་གསོ་བ་ནི་དེ་བས་ལེགས་པའི་སྒོ་ནས་འགོ་ཚུགས་ཐུབ་པའི་ཆེད་དུ་ཡིན། འོན་ཀྱང་། སློབ་མ་མང་པོ་ངལ་གསོའི་དུས་ཚོད་ལའང་ལག་ཐོགས་ཁ་པར་ལ་མགོ་འཁོར་བས་ངལ་གསོ་ཡག་པོ་མ་ཐེབས་སྟབས་རྗེས་མའི་གཟའ་འཁོར་ཧྲིལ་པོར་སེམས་ནུས་བསྒྲིལ་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་དང་། དེ་ལྟར་ངན་པ་ལང་ཤོར་དུ་འགྲོ་གི་འདུག
གསར་འགོད་པ། བྱས་ན་ནམ་རྒྱུན་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་ལག་ཐོགས་ཁ་པར་གྱིས་སློབ་མར་ཤུགས་རྐྱེན་ངན་པ་ཐེབས་པའི་ཚོར་སྣང་ཡོང་གི་འདུག་གམ།
འོད་ཟེར། དེ་ནི་མངོན་གསལ་དོད་པོ་ཡོང་གི་འདུག སྔོན་ཆད་སློབ་མ་རྣམས་ཀྱིས་དུས་ཚོད་རིང་པོར་སློབ་ཚན་ནན་ཏན་གྱིས་ཉན་ཐུབ་ཀྱི་ཡོད། འོན་ཀྱང་ད་ཆ་སློབ་མ་མང་པོ་སློབ་ཚན་ཡུད་ཙམ་ཉན་རྗེས་སེམས་གཡེང་འགྲོ་བ་དང་ཐ་ན་སུན་སྣང་སྐྱེ་མཁན་ཡང་འདུག རྒྱུ་མཚན་ནི་ཁོ་ཚོ་བརྙན་ཐུང་གི་འགུལ་ཚད་མྱུར་བའི་ཚོར་སྐྱེན་དེར་གོམས་པས་མིན་ནམ་སྙམ། ད་དུང་ཞག་སྡོད་སློབ་མ་དང་ཞག་སྡོད་མ་ཡིན་པའི་སློབ་མ་ཕན་ཚུན་བསྡུར་ན་ཞག་སྡོད་སློབ་མ་རྣམས་སློབ་སྦྱོང་ཅུང་ལེགས་པ་ཡོད་པའི་སྣང་བ་ཡོང་གི་འདུག དེ་ནི་ཕལ་ཆེར་ལག་ཐོགས་ཁ་པར་གྱིས་བཟོས་པའི་མཇུག་འབྲས་རེད་བསམ་གྱི་འདུག ད་ཆ་ནམ་རྒྱུན་སྦྱོང་ཚན་ཧ་ཅང་ཡག་པོ་བྲིས་ཐུབ་མཁན་གྱི་སློབ་མ་ཁ་ཤས་ཡིག་ཚད་སྐབས་སུ་ཤིན་ཏུ་ལས་སླ་བའི་དྲི་བ་ལའང་ལན་འདེབས་མི་ཐུབ་པའི་སྣང་ཚུལ་ཐོན་གྱི་འདུག དེ་ནི་ཁ་པར་གྱིས་བསླུས་ནས་སློབ་མ་བསམ་གཞིག་བྱེད་པར་སྒྱིད་ལུག་པར་གྱུར་པ་མིན་ནམ་སྙམ།
གསར་འགོད་པ། རྒན་ལགས་ནས་དབྱེ་ཞིབ་བྱས་པ་ལྟར་ན། གཞོན་ནུ་ལོ་ཆུང་ཚོ་རིག་ནུས་ཁ་པར་སོགས་ལ་དགའ་པོ་དེ་ལྟར་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
འོད་ཟེར། ངས་བལྟས་ན། དེ་ནི་དངོས་ཡོད་འཚོ་བའི་ནང་སློབ་མ་མང་པོར་སློབ་སྦྱོང་གི་གནོན་ཤུགས་ཅུང་ཆེ་ཙམ་ཡོད་པ་དང་། སྐབས་རེ་སྦྱངས་འབྲས་ཀྱིས་དངོས་ཡོད་འཚོ་བའི་ཁྲོད་དུ་ཕམ་ཁ་སྟེར་བའི་ཚོར་སྣང་སྦྱིན་གྱི་ཡོད་པ་རེད། ཡིན་ནའང་། རིག་ནུས་ཁ་པར་གྱི་རོལ་རྩེད་ནང་དུ་ཁོང་ཚོར“རྒྱལ་པོ”ཞེས་འབོད་པའམ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་མཉེན་ཆས་ནང་དུ་ཁོང་ཚོ་ལ་མོས་བསྟོད་མང་པོ་ཐོབ་ཀྱི་ཡོད་པས། སློབ་མ་ཚོར་ཁ་པར་ནང་ནས་ང་ཆེ་ང་རྒྱལ་གྱི་ཚོར་སྣང་ཞིག་རྙེད་ཀྱི་མེད་དམ་སྙམ། མ་ཟད། ད་ཆའི་སློབ་མའི་ཁོར་ཡུག་ཁྲོད་ཁ་བརྡ་ལབ་གླེང་གི་ནང་དོན་མང་ཆེ་བ་ནི་ཁ་པར་ལས་བྱུང་བའི་ནང་དོན་ཤ་སྟག་ཡིན་པས། གལ་སྲིད་སློབ་མ་ཞིག་གིས་ཁ་པར་ནང་རོལ་རྩེད་མི་རྩེ་བ་དང་། ཁ་པར་ལྟ་གི་མེད་ན་སློབ་མ་དེ་ཧ་ལམ་སློབ་མའི་འཁོར་རྒྱའི་ནང་ཁེར་རྐྱང་དུ་ལུས་ཉེན་ཡོད་པ་རེད། དེའང་ཕལ་ཆེར་གཞོན་ནུ་ལོ་ཆུང་རིག་ནུས་ཁ་པར་ལ་དགའ་པོ་བྱེད་པའི་རྒྱུ་རྐྱེན་ཞིག་ཏུ་མཐོང་།
གསར་འགོད་པ། ང་ཚོས་ནམ་རྒྱུན་ཁྱིམ་ཚང་ནི་བུ་ཕྲུག་གི་སློབ་གྲྭ་ཐོག་མ་དང་། ཁྱིམ་བདག་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡིན་ཞེས་ཟེར་སྲོལ་ཡོད། དེ་འདྲ་ཡིན་དུས། དེང་གི་ཆར་སློབ་མ་ཁག་གཅིག་ལག་ཐོགས་ཁ་པར་ལ་དབྱིངས་ཞུགས་པ་དེའི་རྩ་བ་ཁྱིམ་ཚང་སློབ་གསོར་ཐུག་ཡོད་ཅེས་བརྗོད་ན་འགྲིག་གམ།
འོད་ཟེར། རྩ་བ་ཐུག་ས་དེ་ཁྱིམ་ཚང་གི་སློབ་གསོ་རེད། ཁྱིམ་ཚང་གི་སློབ་གསོའི་ཐད་ནས་བརྗོད་ན། ཁྱིམ་ཚང་ཁག་གཅིག་གིས་སློབ་མར་དོ་སྣང་དེ་ཙམ་མི་བྱེད་པ་དང་ཡང་ཁྱིམ་ཚང་ཁག་གཅིག་ནས་བཙན་པོ་དབང་ཡོད་ཀྱིས་ཁྱིམ་བདག་རང་གི་ལྟ་བ་ལས་ལྟ་བ་གཞན་ཚང་མ་ནི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱས་ནས་ཕྲུ་གུའི་བསམ་ཚུལ་ལ་སྣང་བ་ཙམ་ཡང་མི་གཏོང་བ། ཡང་ཁྱིམ་བདག་ཁག་གཅིག་རང་ཉིད་ལས་ཀར་བྲེལ་ནས་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱེད་ལོང་མེད་སྐབས་ལག་ཐོགས་ཁ་པར་སྤྲད་ནས་རང་ཉིད་ལ་སྟབས་བདེ་ཡོང་ཐབས་བྱེད་པ། ཁྱིམ་བདག་ཁག་གཅིག་རང་ཉིད་ཀྱང་ལག་ཐོགས་ཁ་པར་ཁོ་ནར་མགོ་འཁོར་བ་ལ་སོགས་པ་ནི་སློབ་མ་ཁ་པར་ལ་དབྱིངས་བཞུགས་པའི་ཐད་ཀའི་རྒྱུ་རྐྱེན་ཤ་སྟག་རེད་འདུག་སྙམ། སློབ་མ་ཚོ་ལག་ཐོགས་ཁ་པར་ལ་དབྱིངས་ཞུགས་པའི་གནད་དོན་ནི་ཕྱི་ཚུལ་ནས་བལྟས་ན་གོམས་གཤིས་ཀྱི་གནད་དོན་ལྟ་བུར་སྣང་ཡང་། དོན་ངོ་མའི་ཆ་ནས་བལྟས་ན། དེ་ནི་སེམས་ཁམས་ཀྱི་གནད་དོན་ཞིག་དང་། སློབ་གསོའི་གནད་དོན་ཞིག བསམ་བློའི་གནད་དོན་བཅས་ཡིན་པས་སྤྱི་ཡོངས་ནས་གནད་དོན་དེར་དོ་སྣང་བྱེད་དགོས་པ་ལས་སྣང་ཆུང་གཏོང་མི་རུང་།
གསར་འགོད་པ། རྒན་ལགས་ཀྱིས་དེའི་ཐད་ནས་རྒྱ་ཆེའི་ཁྱིམ་བདག་ཚོར་ཕན་པའི་བཀའ་མོལ་ཞིག་གསུང་རོགས་གནང་།
འོད་ཟེར། དང་པོ། ཕ་མ་བུ་ཕྲུག་དབར་གྱི་འབྲེལ་བ་ནི་སློབ་གསོ་ལས་གལ་ཆེ་བ་ཡོད། གལ་ཏེ་ཕྲུ་གུ་ཁ་པར་ལ་དབྱིངས་ཞུགས་ཡོད་ན། གཅར་རྡུང་གཏོང་བའམ་བཙན་ཤེད་ཀྱིས་འཕྲོགས་ན་གནད་དོན་རྩ་བ་ནས་ཐག་ཆོད་ཁག་པོ་རེད་སྙམ། དེའི་སྐབས་སུ་སྔོན་ལ་ཕ་མ་བུ་ཕྲུག་དབར་གྱི་འབྲེལ་བ་ཡག་པོ་ཞིག་ཆགས་པར་བྱས་ནས། བུ་ཕྲུག་གི་སེམས་གཏམ་ཕ་མར་བརྗོད་འདོད་པ་དང་ཕ་མས་བུ་ཕྲུག་གི་བསམ་ཚུལ་ཉན་ཐུབ་པ་ཞིག་བྱུང་ན། ཕྲུ་གུའི་ལག་གི་ཁ་པར་བརྒྱ་བཅགས་པ་ལས་ཕན་ཐོགས་ཆེ་བ་ཡོད།
གཉིས་པ། ཕ་མ་རང་ཉིད་ལག་ཐོགས་ཁ་པར་ལ་མགོ་མི་འཁོར་བ་ནི་ཕྲུ་གུའི་སྤྱོད་ལམ་ལ་འགྱུར་ལྡོག་གཏོང་བའི་གོམ་པ་དང་པོ་དེ་ཡིན། ཕྲུ་གུ་ལག་ཐོགས་ཁ་པར་ལ་དབྱིངས་མ་ཞུགས་ན་ཅི་མ་རུང་སྙམ་ན། དང་ཐོག་སྔོན་ལ་ཁྱེད་རང་ནས་ཁ་པར་ལ་འཐམས་ནས་མ་བསྡད་པར་བུ་ཕྲུག་དང་ཕན་ཚུན་སྐད་ཆ་ཤོད་རེས་བྱས་ནས་བུ་ཕྲུག་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། མཉམ་དུ་སྤྲོ་འཆམ་དུ་འགྲོ་བའམ་ཕྲུ་གུ་དགའ་ཞེན་ཡོད་པའི་ལུས་རྩལ་རིགས་མཉམ་དུ་རྩེ་བ། དེ་བཞིན་མཉམ་དུ་དཔེ་དེབ་ལྟ་བ་དང་ཁྲོམ་ལ་འགྲོ་བ་སོགས་བྱེད་དགོས། དེ་དག་ནི་ཕྲུ་གུ་ཁ་པར་ལས་རྒྱང་དུ་གཡོལ་བའི་ཐབས་ཤེས་རྐྱང་རྐྱང་ཡིན་ལ། ཕ་མ་བུ་ཕྲུག་གི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ལམ་ཡང་ཡིན།
གསུམ་པ། ཕྲུ་གུའི་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་ཐབས་བྱེད་དགོས། གང་ལགས་ཤེ་ན། ཁ་པར་རྩེ་བ་ནི་དང་ཐོག་མ་ནས་ཕྲུ་གུར་འཇགས་པའི་གོམས་གཤིས་ཤིག་མིན་པར་ཕྱིས་སུ་ངན་པ་ལང་ཤོར་དུ་གྱུར་པ་ཞིག་ཡིན་པས། དེ་ནི་འགྱུར་ལྡོག་གཏོང་ཐུབ་པའི་གོམས་གཤིས་ཤིག་རེད། ཕྲུ་གུའི་རིན་བྲལ་གྱི་དུས་ཚོད་དེ་རིན་ཐང་ཅི་ཡང་མེད་པའི་སྤྲོ་སྣང་ཕལ་པས་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ། གཟའ་མཇུག་གམ་ངལ་གསོའི་དུས་སུ་ཕྲུ་གུ་ཁྲིད་ནས་རི་ལ་འཛེཌ་པ་དང་རྟེན་མཛོད་ཁང་ལ་སྐྱོད་པ། དེ་བཞིན་སྤོ་ལོ་རྩེ་བའམ་སྤོ་ལོའི་འགྲན་བསྡུར་ལ་ལྟ་བ་ལ་སོགས་བྱས་ནས། ཕྲུ་གུར་དངོས་ཡོད་ཀྱི་འཇིག་རྟེན་ནི་ཁ་པར་གྱི་བརྙན་ཤེལ་ལས་མངོན་པའི་འཇིག་རྟེན་ལས་ལྡབ་མང་པོས་ངོ་མཚར་ཆེ་བ་ཡོད་པ་ཤེས་སུ་འཇུག་དགོས།
འབྲེལ་ཡོད་གསར་འགྱུར།