གཞན་སྐུལ་ནས་རང་འགུལ་གྱི་ཞབས་ཞུའི་བར།
འཕྱོངས་རྒྱས་རྫོང་གིས“སེམས་པ་ལྔའི”ཞབས་ཞུར་བརྟེན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།
“ངར་མགྱོགས་པོ་ཕྱག་རོགས་གཅིག་གནང་དང” ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་པ་སྡེ་ཁུལ་གྱི་རྒན་རྒོན་ཞིག་གིས་རིག་ནུས་བྲང་འགེལ་བྱང་བུ་བརྒྱུད་འཕྲལ་སྡོམ་རོགས་འབོད་བྱས་ཤིང་། སྡེ་ཁུལ་གྱི་དྲ་མིག་པ་དང་གཞི་རིམ་གྱི་ལས་བྱེད་པས་འཕྲལ་དུ་རོགས་འབོད་དང་ལེན་གྱིས་སྐར་མ་གསུམ་ནང་ཚུན་རྒན་རྒོན་གྱི་ཁྱིམ་དུ་འབྱོར་བ་རེད། ཤེས་རྟོགས་བྱས་པ་བརྒྱུད། རྒན་རྒོན་ཁྱིམ་གྱི་གནས་ཚུལ་ཆུང་ཙག་རྐྱེན་པས་ཚ་བོ་དང་ཁ་རྩོད་ཤོར་ནས་སེམས་མི་སྐྱིད་པར་གྱུར། ལས་དོན་མི་སྣས་ངང་རྒྱུད་རིང་པོས་སེམས་གསོ་དང་སེམས་རྩ་འཁོལ་པོས་འདུམ་འགྲིག་བྱས་པས། ཆུ་ཚོད་ཕྱེད་ཀའི་ནང་ཕ་ཚ་བུ་རྒྱུད་དབར་གྱི་འགལ་ཟླ་བསལ་ནས་ཁྱིམ་ཚང་འཆམ་མཐུན་བྱུང་བ་རེད།
རིག་ནུས་བྲང་འགེལ་བྱང་བུ་ཆུང་ཆུང་ཞིག་གི་འབོད་སྐུལ་ལ་འཕྲལ་མར་དང་ལེན་བྱེད་པ་དེ་ནི་འཕྱོངས་རྒྱས་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ“སེམས་པ་ལྔའི”ཞབས་ཞུའི་འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ཁེར་སྡོད་དང་གཞིས་སྲུང་རྒན་རྒོན་ཇེ་མང་དུ་སོང་བ་དང་བསྟུན་ནས། ནམ་རྒྱུན་གྱི་ཞབས་ཞུར“རོགས་འབོད་མགྱོགས་པོ་བྱེད་མི་ཐུབ་པ་དང་། དང་ལེན་བྱེད་འགོར་བ། ཞབས་ཞུ་ཁ་འཐོར་བ”སོགས་ཀྱི་གནད་དོན་ཡོད་པས། རྒན་གསོའི་དགོས་མཁོ་སྐོང་ཁག་པོ་ཡོད། དེར་བརྟེར། འཕྱོངས་རྒྱས་རྫོང་གིས“མཐེབ་གཅིག་འབོད་བརྡའི”རིག་ལྡན་ཞབས་ཞུའི་མ་ལག་གསར་གཏོད་བྱས་ཏེ། ལོ་ན་མཐོ་བ་དང་ནུས་ཤོར་རྒན་རྒོན་45ལ“བདེ་འཇགས་དྲིལ་བརྡ”དང“འགྱེལ་ཉེན་བརྡ་གཏོང་བྲང་འགེལ་བྱང་བུ”སོགས་ཀྱི་ལུས་སྦྱར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རྒན་གསོའི་ཞབས་ཞུའི་མི་འདང་བའི་ཆ་གསབ་པ་རེད།
མིག་སྔའི་བར། མ་ལག་དེས་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་འབོད་བརྡ་ཐེངས་200ལྷག་ཙམ་དང་ལེན་བྱས་ཤིང་། དང་ལེན་བྱེད་ཚད་དང་ཐག་གཅོད་ཐུབ་ཚད་ཚང་མ་100%ཟིན་པ་དང་། ཞབས་ཞུའི་ལས་ཕྱོད་60%ཡན་མཐོ་རུ་ཕྱིན་ཡོད།
“མཐེབ་གཅིག་འབོད་བརྡ”ནི་འགོ་འཛུགས་ས་ཙམ་ཡིན། རྒན་གསོའི་ཞབས་ཞུ་དེ་ཉིད“མཐེབ་གཅིག་འབོད་བརྡའི”ཕྱོགས་རྐྱང་པའི་འཕྲལ་སྡོམ་འགན་སྲུང་ནས་ཞིབ་ཚགས་ཅན་དང་རྒྱུན་རྣམ་ཅན་གྱི་ཞབས་ཞུའི་བར་རིམ་སྤོར་བྱ་ཆེད། འཕྱོངས་རྒྱས་རྫོང་གིས་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རིག་ནུས་ལག་གདུབ་400དང་རིག་ནུས་ཉེན་གཏོང་འཕྲུལ་ཆས་400སྤྲད་པ་དང་། ཤང་དང་གྲོང་རྡལ་4རུ་རིག་ལྡན་འགྲེམས་པང་བཀོད་སྒྲིག་བྱས་ནས། བདེ་འཇགས་ཀྱི་འགོག་སྲུང་དང་། བདེ་ཐང་ལྟ་ཞིབ་ཚད་ལེན། སྟབས་བདེའི་འཕྲིན་གཏོང་། རིག་ནུས་དྲན་སྐུལ་བཅས་ཁག་བཞི་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ། “སྒྲིག་ཆས་ཆུང་ཆུང”གིས“དམངས་འཚོ་ཆེན་པོར”ལྟ་སྲུང་བྱས་པ་རེད།
ཚོགས་རྒྱལ་གྲོང་ཚོར། རིག་ལྡན་བདེ་ཐང་གཞི་གཅིག་འཕྲུལ་འཁོར་ཞིག་གིས་རྒན་རྒོན་ཚོར་ཁྱིམ་གྱི་སྒོ་རྩ་ནས་ཁྲག་མངར་དང་། ཁྲག་ཤེད། ཁྲག་ནང་གསོ་རླུང་ལྡན་ཚད་སོགས་སྟོན་རྟགས་20ལྷག་ཙམ་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད།
“ཞིབ་དཔྱད་ཚད་ལེན་གྱི་གྲངས་གཞི་དུས་ཐོག་ཏུ་ཡར་སྐྱེལ་བ་དང་། གྲོང་ཚོའི་སྨན་པས་འཕྲལ་མར་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་ལ་རྗེས་སྙེག་བྱས་ཤིང་། དགོས་ངེས་སྐབས་སུ་ཤང་དང་རྫོང་རིམ་པའི་སྨན་ཁང་དང་མཉམ་འབྲེལ་གྱིས‘དོ་དམ་ཚགས་ཚུད་པོ་དང་སྔ་ཙམ་ཐེ་ཇུས’མངོན་འགྱུར་བྱུང་ཡོད”ཅེས་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“སེམས་པ་ལྔའི”ཞབས་ཞུའི་འདུ་ཤེས་མཐའ་འཁྱོངས་ཀྱིས། རྒྱུན་ཆད་མེད་པར་ཞབས་ཞུའི་ནང་དོན་རྒྱ་སྐྱེད་དང་། ཞབས་ཞུའི་སྤུས་འབྲས་ལེགས་སུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱོར་བའི་གཞི་རིམ་བཅོས་སྐྱོང་གི་ཁྱད་ལྡན་སྤུས་རྟགས་འཛུགས་གཏོད་ཡག་པོ་བྱས་ནས། སེམས་རྩ་འཁོལ་བའི་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད་པ་རེད།
ཐོག་མའི་བསམ་འདུན་ཞིབ་པར་མངོན། ཞབས་ཞུ་རེ་རེས་དམངས་སེམས་རབ་ཏུ་དྲོད། ལྟ་རྟོག་བྱེད་མཁན་མེད་པ་ནས་ཉིན་མཚན་ལྟོས་མེད་ལྟ་སྲུང་བྱེད་པའི་བར་དང་། རེ་ཞུ་བྱེད་དཀའ་བ་ནས་འབོད་ཐེངས་གཅིག་ལ་འཕྲལ་མར་དང་ལེན་བྱེད་པའི་བར། འགྱུར་ལྡོག་དེ་དག་བྱུང་བ་ནི་འཕྱོངས་རྒྱས་རྫོང་གི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བརྟན་སྲུང་དང་ཁ་འབྲལ་ཐབས་མེད་ལ། དེ་ནི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ཟོལ་མེད་ཀྱི་གྲུབ་འབྲས་དེ་བས་ཀྱང་རེད།
“ང་ཚོས་གནམ་ས་གཡོ་བའི་བྱས་རྗེས་རླབས་པོ་ཆེ་བཞག་མེད། ཏང་འཛུགས་སྐྱོང་གི་ལས་དོན་དེ་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་དང་། ནམ་ཞག་རྒྱུན་དུ་སྒྲུབ་པ། མི་དམངས་ཀྱི་ཁས་ལེན་ཐོབ་པ་བཅས་ཡོང་གང་ཐུབ་བྱས་པ་ཙམ་ཡིན”ཞེས་ས་གནས་དེ་གའི་ལས་བྱེད་པ་ལི་ལགས་ཀྱིས་དེ་ལྟར་བརྗོད།
འབྲེལ་ཡོད་གསར་འགྱུར།