འཇོ་མདའ་རྫོང་དུ་གསར་བརྗེའི་གཏམ་རྒྱུད་བརྗོད་པའི་འགྲན་བསྡུར་བྱེད་སྒོ་སྤེལ་བ།
ཉེ་ཆར། “གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོའི་ཁྲིད་སྟོན་འོག ཆབ་མདོ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས་གསར་བརྗེའི་གཏམ་རྒྱུད་བརྗོད་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ། དགོན་སྡེའི་གྲྭ་བཙུན་གྱིས་ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མིར་བརྟེན་ནས་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་གླེང་སྟེ་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།
འཇོ་མདའ་རྫོང་ནི་ཆབ་མདོ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་ཤིང་། འབྲི་ཆུའི་ཕར་ངོས་ནི་སི་ཁྲོན་ཞིང་ཆེན་གྱི་སྡེ་དགེ་རྫོང་ཡིན་པས་ཆབ་མདོའི་ཤར་སྒོ་ཆེན་མོ་རེད། 1950ལོར། བོད་ཀྱི་སྐར་ལྔའི་དར་དམར་དང་པོ་འབྲི་ཆུའི་རྒྱུད་ཀྱི་སྐམ་ཐོག་གྲོང་ཚོར་བསྒྲེངས་པས་དུས་དེ་ནས་བཟུང་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་ཡུལ་འདིར་རྒྱུན་འཛིན་ཐུབ་ཡོད་པ་རེད།
ད་ལོར། འཇོ་མདའ་རྫོང་ཤངས་ཐོ་དགོན་གྱིས་གསར་བརྗེའི་གཏམ་རྒྱུད་བརྗོད་པའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་། དགེ་འདུན་གཡུང་དྲུང་ཚེ་དབང་གིས་སྤྲོ་སེམས་ཆེན་པོས་འགྲན་བསྡུར་ནང་མིང་ཐོ་བཀོད་ཅིང་། ཁོང་གིས“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འཇོ་མདའ་བ་ཞིག་ཡིན། རྒན་རབས་ཚོས་བཤད་པའི་དམག་སྡེ་བཅོ་བརྒྱད་པའི་གཏམ་རྒྱུད་ཆུང་དུས་ནས་སེམས་ལ་འཇགས་ནས་ཡོད། ད་ཐེངས་ང་རང་བྱེད་སྒོར་ཞུགས་ཏེ་ཕ་ཡུལ་གྱི་གསར་བརྗེའི་གཏམ་རྒྱུད་མི་མང་པོར་ཤེས་སུ་འཇུག་གི་ཡིན”ཞེས་བཤད།
ཕ་ཡུལ་གྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་ཆེད། ཁོང་གིས《འཇོ་མདའ་རྫོང་གི་ལོ་རྒྱུས》དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དཔེ་ཆ་བཀླགས་པ་མ་ཟད། དགོན་སྡོད་ལས་བྱེད་པའི་རོགས་རམ་འོག་དྲ་ཐོག་ནས“དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་པ”དང“སྐམ་ཐོག་གཡུལ་འགྱེད”ཀྱི་ཞིབ་ཕྲའི་ལོ་རྒྱུས་ལྟ་ཀློག་བྱས་པ་མ་ཟད། ད་དུང་གྲོང་ཚོའི་རྒན་རྒོན་ཚོའི་གམ་དུ་བཅར་ཏེ་ལོ་དེར་བཅིངས་འགྲོལ་དམག་འབྲི་ཆུ་བརྒལ་བའི་ལོ་རྒྱུས་ལའང་ཤེས་རྟོགས་བྱས་པ་རེད། “ངས་ཕ་ཡུལ་གྱི་གསར་བརྗེའི་གཏམ་རྒྱུད་ངོ་མ་བརྗོད་དགོས་པས་ཟིན་བྲིས་ནན་ཏན་བརྒྱབ་པ་ཡིན”ཞེས་འགྲན་བསྡུར་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་གླེང་སྐབས་ཁོང་གིས་ནན་ཏན་ངང་བཤད།
འགྲན་བསྡུར་ལེགས་གྲུབ་ཡོང་ཕྱིར། དགོན་སྡོད་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཁོང་གི“ཟུར་ཁྲིད་ལག་རོགས་པར”གྱུར་པ་དང་། གྲྭ་ཤག་ཏུ་ཁོང་རྒྱུན་དུ་ཤེལ་སྒོའི་མདུན་དུ་ལངས་ནས་མ་ཡིག་སྐྱོར་ཀློག་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། “ནམ་རྒྱུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྗོད་པ་དང་གསར་བརྗེའི་གཏམ་རྒྱུད་ཀློག་པ་གཉིས་རྩ་བ་ནས་འདྲ་གི་མི་འདུག ཐོག་མར་སྦྱོང་དུས་དཀའ་ངལ་མང་པོ་འཕྲད་མོད། འོན་ཀྱང་ལོ་དེར་བཅིངས་འགྲོལ་དམག་གིས་སྲོག་ཉེན་ལ་ཐུག་ཀྱང་མི་སྐྲག་པར་ཕ་ཡུལ་བཅིངས་འགྲོལ་བཏང་བའི་སྣང་ཚུལ་དྲན་སྐབས་དཀའ་ངལ་ཚང་མ་བརྗེད་འགྲོ་གི་འདུག”ཅེས་ཁོང་གིས་བཤད།
འགྲན་བསྡུར་རིང་། ཁོང་གི་བརྩེ་བ་ཟབ་མོ་དང་བྱང་ཆ་ལྡན་པའི་སྐད་ཆ་ལས་སྐམ་ཐོག་གྲོང་ཚོའི་གསར་བརྗེའི་གཏམ་རྒྱུད་གླེང་ཞིང་། དེ་ལས་ལོ་རྒྱུས་ལ་ཕྱིར་དྲན་ཟབ་མོ་བྱས་ཡོད་ལ་དེང་དུས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཡིད་ཆེས་ཀྱང་གསལ་པོར་མངོན་ཡོད་པས། ས་གནས་ས་ཐོག་གི་དགོན་སྡོད་ལས་བྱེད་པ་དང་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས“རང་ཉིད་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་པས། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་ལ་དད་ལྡན་ལས་སྤྱི་དམངས་གཙོ་ཆེ་བ། རྒྱལ་ཁབ་ལེགས་ན་གཞི་ནས་ཆོས་ལུགས་ཡག་པོ་ཡོང་བ་སེམས་ལ་བརྟན་པོར་ངེས་ཡོད། དུས་རབས་གསར་པའི་དགེ་འདུན་པ་ཞིག་ཡིན་པས་ངས་རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་གཅིག་གྱུར་ལ་དེ་བས་སྲུང་སྐྱོང་བྱ་རྒྱུ་སེམས་ནང་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།