དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་གདེང་ཚོད་ཆེ་རུ་བཏང་། བདེ་སྐྱིད་འཚོ་བ་མཉམ་དུ་བཏོད།

    ལྷོ་ཁ་ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ནས་ལོ་བཅུ་སོང་རིང་གི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-04

    2016ལོར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་ལ་དངོས་སུ་བསྒྱུར་ནས་ཡར་ཀླུང་ས་གཞི་ཆེན་པོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་རྩོམ་འགོ་ཚུགས།

    ལོ་བཅུའི་རིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ས་མཐོའི་ས་ཆ་འདིས་ཏང་གི་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་དམངས་འཚོའི་བདེ་རྩར་དམིགས་པ་དང་འཕེལ་རྒྱས་ཀྱི་འཇུར་མིག་བསལ་བ་ལས་ལས་ཞུགས་འབབ་འཕར་དང་། གཞི་རིམ་གྱི་སློབ་གསོ། གྲོང་གསེབ་དར་རྒྱས། འགྲིམ་འགྲུལ་ལམ་དྲ་བཅས་ཁྱབ་ཁོངས་ཆེན་པོ་བཞིར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་ནས་གནས་འཕྲོད་ལས་འཚམ་དང་། བརྟན་ལྷིང་འཆམ་མཐུན། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ཡར་ཀླུང་གི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    ལས་ཞུགས་འབབ་འཕར་ནི་དམངས་འཚོ་ཆེ་ཤོས་ཡིན་པ།

    ལོ་བཅུའི་རིང་། ལྷོ་ཁས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་པའི་འབབ་འཕར་དང་གཞོན་ནུའི་ལས་ཞུགས་གཙིགས་སུ་བཟུང་ནས་ཐག་ཉེ་སར་ལས་ཞུགས་དང་། ལྗོངས་ཕྱིར་གླ་པ་རྒྱུག་པ། ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་བཅས་ཀྱི་ཐབས་ལམ་མང་པོ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་གདེང་ཚོད་ཆེ་རུ་བཏང་ཡོད།

    གྲངས་གཞིས་མཆོང་སྐྱོད་ལ་དཔང་པོ་བྱས་པ་སྟེ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་སྒོར་8991ནས་2025ལོའི་སྒོར་24990བར་བརྟན་པོ་འཕར་ནས་ལོ་བཅུའི་རིང་ལྡབ་གསུམ་ཙམ་འཕར་བ་དང་། 2023ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་རྗེས་ཐོག་མར་ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱིས་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་དང“འཚོ་རྟེན་ལས་སྤྲོད”ཀྱི་བྱེད་སྟངས་བརྒྱུད་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་25ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་བདག་སྐྱོང་ལས་གནས་1309བཏོད་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་5ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ། ལྗོངས་ཕྱིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་རྟེན་གཞི་12བསྐྲུན་ནས་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་མང་རིང་98%ཡན་དུ་བརྟན་པོ་གནས་ཐུབ་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ཚང་མ་ལས་ཞུགས་པ་ཡོད་པར་གྱུར་ཡོད།

    སྒྲིག་བཀོད་ལེགས་སུ་བཏང་ནས་སློབ་གསོ་དོ་སྙོམས་ལ་སྐུལ་འདེད་བཏང་བ།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“བརྒྱ་བྱས་པ་ལྔའི”འདུ་འགོད་དམ་འཛིན་བྱ་གཞིར་བྱས་པས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་སློབ་གསོའི་རྨང་གཞི་ཞན་པའི་རྣམ་པ་རྙིང་པར་རྦད་དེ་འགྱུར་ལྡོག་ཕྱིན་ནས་ཕྲུ་གུ་ཚོར་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་སློབ་གསོ་མྱོང་སྐལ་བྱུང་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་སློབ་གྲྭ་293ནས་467བར་མང་དུ་ཕྱིན་ནས་སློབ་ཞུགས་གོང་དང་། རྨང་གཞི། ལས་རིགས། དམིགས་བསལ་བཅས་སློབ་གསོར་ཁྱབ་པའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། སློབ་ཞུགས་གོང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་98.54%བར་མཐོ་རུ་ཕྱིན་པ་དང་། སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་100%རྒྱུན་འཁྱོངས་ཐུབ་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.73%བརྟན་པོ་ཡོང་བ་བཅས་བྱས་ནས་དམིགས་ཚད་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྒྲིག་བཀོད་ཐད“སྦྲ་གུར་སློབ་ཆུང”དང“རྟ་རྒྱབ་སློབ་ཆུང”རྦད་དེ་ལོ་རྒྱུས་སུ་གྱུར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་། ཚོད་ལྟ་ཁང་། བརྒྱུད་ལམ་སྣེ་མང་སྒྲིག་ཆས་བཅས་ལ་གཅིག་གྱུར་གྱི་ཚད་གཞི་བཟོས་ཡོད། དགེ་རྒན་ཐད་ཆེད་བསྐོས་དགེ་རྒན་6302བར་མང་དུ་ཕྱིན་པ་དང་། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད་70%ལས་བརྒལ་བ། མཐོ་རིམ་དགེ་རྒན་མེད་པ་ནས་ཡོད་པའི་ཚད་བརྒལ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་ལས་གནས་རེས་མོས་རྒྱུན་རྣམ་ཅན་དུ་བསྒྱུར་བ། གྲོང་གསེབ་ཀྱི་དགེ་རྒན་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.58སྤྲད་པ་བཅས་བྱས་པར་བརྟེན། གཞི་རིམ་དུ་རྩ་བ་ཚུགས་པའི་སློབ་གསོའི་སྟོབས་ཤུགས་ལྡན་པར་གྱུར།

    དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་བསྟན་འཛིན་བག་གྲོ་རྣ་ཤེས་ཉམས་པའི་དབང་གིས་སློབ་སྦྱོང་ཐད་དཀའ་ངལ་འཕྲད་ནའང་། སློབ་གྲྭའི་གསོ་སྐྱོང་ཞིབ་ཚགས་འོག་ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་ཞབས་བྲོ་སྦྱངས་པར་སློབ་ཆེན་དུ་བདེ་བླག་ངང་རྒྱུགས་འཕྲོད་ཅིང་། ཁོང་ནི་ལྷོ་ཁའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཐོན་པའི་སློབ་ཆེན་སློབ་མ་ཁག་དང་པོའི་གྲས་སུ་གྱུར། “སློབ་གྲྭར་འགྲོ་ཐུབ་པ”ནས“སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི”བར། སློབ་གསོ་འདྲ་མཉམ་གྱི་ཉི་འོད་ཡར་ཀླུང་གི་ས་ཆར་ཕྱོགས་རིས་མེད་པར་འཕྲོས་ནས་གྲོང་གསེབ་དར་རྒྱས་ཆེད་ཤེས་ལྡན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཡོད།

    གྲོང་གསེབ་དར་རྒྱས་ཀྱིས་མཛེས་མཐུན་གྱི་འཆར་གཞི་བཀོད་པ།

    ལོ་བཅུའི་རིང་། ལྷོ་ཁས“ཞིང་ལས་དར་བ་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ”བཅས་ལ་དམིགས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་གཞོལ་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཞན་ཆ་སེལ་བ་བཅས་བྱས་པས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་སྔར་ན་མེད་པ་ཞིག་བྱུང་ཡོད།

    གྲོང་ཁྱེར་དེ་ཡོངས་ཀྱི་ལོ་བཅུའི་རིང་གི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་700ལས་བརྒལ་བ་དང་། 2025ལོར་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་17.7ཟིན་པས“ལོ་བཅོ་ལྔ་བསྟུད་མར་ལོ་ལེགས་ཡོང་བ”མངོན་འགྱུར་བྱུང་བ་དང་། ནས་ཀྱི་སོན་བཟང་ཁྱབ་ཚད་94%ཟིན་པ་དང་རྨོ་འདེབས་དང་བརྔ་བསྡུ་འཕྲུལ་ཆས་ཅན་དུ་འགྱུར་ཚད་82.7%ཟིན་ནས་ཚད་གཞི་མཐོ་བའི་ས་ཞིང་ལས་འབྲུ་རིགས་ཀྱི་གཞི་རྩ་བརྟན་པོ་བཏིང་ཡོད། ལྷུན་རྩེའི་ནས་ནག་དང་། བོད་བྱ། བོད་ཕག་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཚོ་འདུས་སྟོབས་ཆེར་སོང་ནས་གྲོང་ཁྱེར་རིམ་པའི་ཞིང་ལས་སྣེ་འདྲེན་ཁེ་ལས་27དང“རྫས་གསུམ་དང་རྟགས་གཅིག”གི་ཐོན་རྫས་88ཐོན་ནས་ཞིང་འབྲོག་ཐོན་རྫས་དག་ས་མཐོའི་ཡུལ་ནས་ས་ཕྱོགས་གཞན་དུ་བཙོངས་ཐུབ་ཡོད། མ་དངུལ་སྒོར་དུང་ཕྱུར་44བཏང་ནས་མཛེས་མཐུན་གྲོང་གསེབ་ཀྱི་རྣམ་གྲངས་189སྒྲུབ་པར་གཞོལ་བ་དང་རྫོང་ཁག་ལྔ་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲ་སྔོན་ཐོན་གྱི་རྫོང་དུ་བདམས་པ། གྲོང་ཚོ་དང་གྲོང་ལྷན་86རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་གནས་འཕྲོད་ཀྱི་གྲོང་ཚོར་བསྐྲུན་པ་བཅས་རེད།

    གཞུང་ལམ་དྲ་བ་ཤར་གཏོང་ཐུབ་པས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ།

    ས་བསྒྱུར་གྲོང་འཛུགས་བྱས་པ་ནས་བཟུང་། ལྷོ་ཁས་ས་མཐོའི་ཡུལ་གྱི་བགྲོད་ལམ་གྱི་དཀའ་ངལ་བསལ་ནས་ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ཏེ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་1ལས་བརྒལ་བ་དང་། རིམ་པ་མཐོ་བའི་གཞུང་ལམ་མེད་པ་ནས་ཡོད་པའི་བར་གྱུར་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་མཐའ་སྲུང་གཞུང་ལམ་དེ་ཡུལ་ཁོངས་ཡོངས་སུ་ཤར་གཏོང་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར་ལྷོ་ཁ་གྲོང་ཁྱེར་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་10049ཟིན་པ་དང་། ཤང་གྲོང་90དང་སྲིད་འཛིན་གྲོང་ཚོ་579ལ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཁག་430ལག་བསྟར་བྱས་ནས་ལམ་ཚད་སྤྱི་ལེ་3000ལྷག་ཙམ་གསར་སྐྲུན་བསྐྱར་སྐྲུན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་80ལྷག་ཙམ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ཅན་ལ་སྐུལ་འདེད་བཏང་ནས་ལྷུན་རྩེ་རྫོང་གི“འགྲུལ་སྐྱེལ་དང་མྱུར་སྐྱེལ་མཉམ་འདྲེས”ཀྱི་རྣམ་པའི་ཐོག་ནས་མྱུར་སྐྱེལ་བསྐུར་མ་གྲོང་ཚོར་འབྱོར་དཀའ་བའི་གནད་དོན་གནད་ཐག་གཅོད་བྱས་པས་བསྐུར་སྐྱེལ་མ་གནས་20%ཆག་པ་དང་སྡེབ་སྐྱེལ་གྱི་དུས་ཚོད་ཐུང་དུ་དང་ཕན་འབྲས་ཆེན་པོ་ཐོན་ཡོད།

    སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཡུལ་མི་ཚེ་རིང་བག་གྲོ་ལ་བྱུང་བའི་མྱོང་ཚོར་ཟབ་ཤོས་ནི་འགྲིམ་འགྲུལ་སྐོར་གྱི་འགྱུར་ལྡོག་དེ་རེད། ལོ་བཅུའི་གོང་། ལྷ་སར་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱེད་པར་ཉིན་གཅིག་འགོར་གྱི་ཡོད། ད་ཆ་སྣུམ་ནག་ལམ་ཁྱིམ་གྱི་སྒོ་རྩ་བར་བཏིང་པའི་ཁར་རྩེད་གོང་རིམ་མཐོའི་གཞུང་ལམ་དང་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་ལམ་ཤར་གཏོང་ཐུབ་པས། ལྷ་སར་འགྲོ་དུས་ཚེ་རིང་བག་གྲོས་རང་ཁྱིམ་གྱི་འཇིབ་ཆུང་བཏང་ན་ཆུ་ཚོད་གཉིས་ཙམ་ལ་ལྷ་ས་གྲོང་ཁུལ་དུ་སླེབས་ཀྱི་ཡོད་པ་རེད།

    ད་ལྟའི་ཆར། ཡར་ཀླུང་གི་ས་གཞི་ཆེན་པོར་གྲོང་ཁུལ་ནས་གྲོང་གསེབ་བར་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ་ནས་ལུང་གཞུང་གི་དབུས་ཁུལ་བར་དུ་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་སྤྱི་པའི་ཞབས་ཞུ་ལས་ཀུན་ལ་ཕན་ཐོགས་བྱུང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་སོང་ཞིང་། གནའ་བོའི་ཡུལ་ལུང་འདིར་སྟོབས་ཤུགས་གསར་པ་བྱུང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ། སྐྱེ་ཁམས་སྔར་བས་མཛེས་སྡུག་ལྡན་པ་བཅས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།