མཚོ་སྔོན་གྱི་སྡེ་ཚན་གཉིས་ཀྱིས་སློབ་གྲྭར་ཆ་སྒྲིག་རོགས་སྐྱོར་དང་སྲིད་ཇུས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་29ཉིན་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དུ“མི་སྤྱིའི་ཞབས་ཞུའི་བྱེད་སྒོ་སློབ་གྲྭར་སྤེལ། ལས་ཞུགས་ལམ་བུར་སྲུང་སྐྱོང་གང་ཐུབ་བྱེད”བརྗོད་དོན་གཙོ་བོར་བྱས་པའི“མི་སྤྱི་ཐིང(ཅུས)ཀྲང་སློབ་གྲྭར་བསྐྱོད་ནས་ཆ་སྒྲིག་རོགས་སྐྱོར་དང་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ཞིང་། ཚོགས་ར་གཙོ་བོ་དང་དེ་བཞིན་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་དྲ་ཐོག་ཡན་ལག་ཚོགས་ར་གཉིས་བཀོད་སྒྲིག་བྱས་པར་2026ལོར་ཐོན་མཁན་སློབ་མའི་འཐུས་མི་1300ཙམ་ཞུགས་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཡུས་ཀུང་གིས་རི་བོ་སྤོས་པ་སོགས་ཀྱི་གཏམ་རྒྱུད་དྲངས་ནས་སློབ་མ་ཚོར་ཡང་དག་པའི་ལས་ཞུགས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་པ་དང་། “གདེང་ཚོད་དང་། བློ་སྟོབས། དཔའ་ངར”བཅས་ཕྱོགས་གསུམ་ནས་ལས་ཞུགས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་པ། ཐོན་ལས་ཀྱི“ཡུལ་གནས་བཞི”འཛུགས་སྐྲུན་ལས་བྱུང་བའི་ལས་གནས་ཐོན་ཁུངས་ངོ་སྤྲོད་བྱས་པ། སློབ་མར་བབ་ལྟའི་བསམ་ཚུལ་དོར་ནས་བརྩོན་པ་ལྷོད་མེད་ཀྱིས་རང་འགུལ་ངང་ལས་ཀ་འཚོལ་བའི་གོམ་པ་དང་པོ་སྤོ་དགོས་པའི་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་ལས་ཞུགས་ཐབས་ལམ་དང་། ལྟེ་བའི་རོགས་སྐྱོར་སྲིད་ཇུས་ཁག་བདུན། དེ་བཞིན་ལས་འཚོལ་ཉེན་ཁར་དོགས་ཟོན་སོགས་ཀྱི་ནང་དོན་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ། སློབ་ཐོན་སློབ་མར་ཚན་རིག་དང་མཐུན་པའི་ངང་ལས་འདེམས་དང་བདེ་འཇགས་ངང་ལས་ཞུགས་ཐུབ་ཆེད་ཕྱོགས་ཡོངས་ནས་མཛུབ་ཁྲིད་ཀྱང་བྱས་ཡོད།
བྱེད་སྒོ་སྤེལ་རིང་ཞིང་ཆེན་མི་སྤྱི་ཐིང་གིས་སློབ་གྲྭའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ས་ཚིགས་འཁོར་རྒྱུག་བྱ་ཚུལ་ལ་བརྟག་ཞིབ་བྱས་ཤིང་། མིག་སྔར་ཞིང་ཆེན་ཡོངས་ཀྱིས་མཐོ་སློབ་8དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ས་ཚིགས་བཙུགས་ཡོད། དེ་དག་གིས་ལས་རིགས་མཛུབ་ཁྲིད་དང་། ལས་གནས་འོས་སྦྱོར། སྲིད་ཇུས་བློ་འདྲི་སོགས་ཀྱི་ཞབས་ཞུ་སློབ་གྲྭར་ཁྱབ་པ་བྱས་ཏེ། སློབ་གྲྭར་འགྲོ་མུས་ཀྱི་སློབ་ཐོན་སློབ་མར་ཐག་ཉེ་ས་དང་སྟབས་བདེ་ས་ནས་རྒྱུན་རྣམ་ཅན་གྱི་ལས་ཞུགས་ཞབས་འདེགས་ཞུ་བཞིན་ཡོད།
ཞིང་ཆེན་མི་སྤྱི་ཐིང་གིས“མི་སྤྱི་ཐིང(ཅུས)ཀྲང་སློབ་གྲྭར་སྐྱོད་པའི”ཆ་སྒྲིག་རོགས་སྐྱོར་གྱི་རིམ་སྤེལ་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་། སྲིད་སློབ་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་སྐྲུན་ལ་ཞབས་ཞུ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། 2026ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོར་དམ་པོར་དམིགས་ནས་སྲིད་ཇུས་སྒྲོག་འགྲེལ་དང་། ལས་གནས་འོས་སྦྱོར། ལས་རིགས་མཛུབ་ཁྲིད། རྩལ་ནུས་གསོ་སྦྱོང་། ལྟ་སྦྱོང་ལག་ལེན། ཁེ་དབང་འགན་ལེན་སོགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སྔ་ཙམ་ལས་ཞུགས་ཐུབ་པ་དང་ལས་ཞུགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།