དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་དྲ་ཐོག་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་31ཉིན། མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་དོ་དམ་ཞབས་ཞུའི་ལས་སྟེགས་དྲ་ཐོག་ནས་སྤྱོད་འགོ་ཚུགས་པའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ ཧྲེང་ཀྲང་གཞོན་པ་དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་མཉམ་དུ་ལས་སྟེགས་དྲ་ཐོག་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ལས་སྟེགས་དེས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་ལས་རིགས་མི་སྣ། ཆོས་ལུགས་བྱེད་སྒོ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འགུལ་རྣམ་གདུབ་ཟུམ་དོ་དམ་མངོན་འགྱུར་ཐུབ་རྒྱུ་རེད། གྲངས་གཞིའི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་དང་། རྨང་གཞིའི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས། གྲྭ་ཕན་ཞབས་ཞུ་གནད་སྨིན་མཁོ་འདོན་བཅས་བྱེད་པ། རེའུ་མིག་དང་རྩིས་ཐོ་བསྐྱར་ཟློས་ངང་གོང་ཞུ་བྱེད་ཉུང་དུ་ནུས་ལྡན་གཏོང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལས་སྒོ་དྲ་ཐོག་ནས་སྒྲུབ་གཉེར་དང་། གྲངས་གཞི་དུས་ཐོག་ཏུ་གསར་བརྗེས། གནས་ཚུལ་འགུལ་རྣམ་ཁ་གསལ་བཅས་ཀྱི་དམིགས་ཚད་གྲུབ་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་དོ་དམ་གྱི་ལས་དོན་ཚན་རིག་ཅན་དང་། ཞིབ་ཚགས་ཅན། གྲངས་འཛིན་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    ལས་སྟེགས་དྲ་ཐོག་ནས་སྤྱོད་འགོ་ཚུགས་པ་ནི་གྲངས་རིག་གིས་ཆོས་ལུགས་ལས་དོན་ལ་མཐུན་རྐྱེན་སྦྱོར་བའི་འགོ་འཛུགས་ས་གལ་ཆེན་ཞིག་རེད། དེ་དང་དུས་མཚུངས་དྲ་ཐོག་ཏུ་སྤྱོད་བཞིན་པའི“མཚོ་སྔོན་ཕྱོགས་བསྡུས་ས་ཚིགས”APPདེ་ལས་སྟེགས་ཀྱི་ལག་ཐོགས་ཁ་པར་གྱི་མཐའ་སྣེར་བརྩིས་ནས་བཀོལ་སྤྱོད་བྱེད་པ་དང་། གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་ལས་དོན་པའི་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་སྲིད་ཇུས་ཁྲིམས་སྲོལ་དང་བསྟན་དོན་སློབ་སྦྱོང་བྱེད་པའི་ཁོར་ཡུག་གཏོད་པ་བཅས་བྱས་ནས། དགེ་རྒན་དང་ལས་བྱེད་པའི་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་ཆེད་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

    ཞིང་ཆེན་ཡོངས་ཀྱིས་ལས་སྟེགས་བཀོལ་སྤྱོད་བྱ་རྒྱུ་དེ་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་གྲངས་གཞིའི་ཐོན་ཁུངས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་རྒྱུན་གཏན་གྱི་ལྟ་འདོམས་དང་ཞིབ་མཆན་ཞིབ་བཤེར་སོགས་ལས་སྟེགས་དོ་དམ་གྱི་ཁྱབ་ཁོངས་སུ་འཇུག་པ། ཆོས་ལུགས་ལས་དོན་གྱི་དོ་དམ་དྲ་ཐོག་ཏུ་གདུབ་ཟུམ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དྲ་ཕྱི་ནས་ལས་དོན་སྒྲུབ་ཐུབ་པ་དང་། དྲ་ཐོག་ཏུ་ལས་ཤུལ་འཇོག་པ། བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པ་བཅས་ཐུབ་རྒྱུ་རེད། རིམ་པ་དང་རིགས་དབྱེ་ནས་ལས་སྒོའི་གསོ་སྦྱོང་བྱས་ཏེ་བཀོལ་སྤྱོད་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ་ལས་སྟེགས་བཀོལ་སྤྱོད་ཡག་པོ་ཐུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།