ཨ་རིའི་གྲགས་ཅན་མི་སྣ་མང་པོ་ཞིག་གིས་ཨ་ཀྲུང་ཕྱོགས་གཉིས་པོའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་རིའི་གྲགས་ཅན་མི་སྣ་མང་པོ་ཞིག་གིས་ཉིའུ་གཡོད་དུ་ཀྲུང་གོ་དང་ཨ་རིའི་མཉམ་ལས་སྐུལ་སྤེལ་ཁང་གིས་གཉེར་བའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོའི་གསོལ་སྟོན་ལ་ཞུགས་ནས། ཨ་ཀྲུང་ཕྱོགས་གཉིས་པོའི་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་དམངས་ཁྲོད་ཀྱི་བསམ་ཤེས་བྱེད་ཟབ་ཏུ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
ཨ་རིའི་ཙུང་ཐུང་ཟུར་པ་ཉི་ཁེ་སུང་གི་ཚ་བོ་ཁེ་ལི་སི་ཐུའོ་ཧྥུའུ·ཁའོ་ཁེ་སི་ཡིས་གསོལ་སྟོན་ཐོག་ཤིས་ཚིག་སྒྲོན་སྐབས། རང་ཉིད་ཀྱི་སྤོ་བོ་1972ལོར་ཀྲུང་གོར་འཚམས་འདྲིར་བསྐྱོད་པའི་སྐོར་གླེང་ཞིང་། ཁོང་གིས། སྐབས་དེ་དུས་ཀྱི་འཚམས་འདྲི་དེ་ལས་ཕན་ཚུན་དབར་ཧེ་བག་ཧ་ཅང་ཆེན་པོ་ཡོད་རུང་སེམས་པ་བཟང་བའི་མི་རྣམས་ཀྱིས་འབྲེལ་གཏུག་གི་ཐབས་ལམ་འཚོལ་ཐུབ་པ་མཚོན་ཡོད་ཅེས་བརྗོད།
ཆའོ་ཀྲི·པུའུ་ཧྲི་ཨ་ཀྲུང་འབྲེལ་བའི་ཐེབས་རྩ་ལྷན་ཚོགས་ཀྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཏའེ་ཝུའེ·ཧྥར་སི་ཐན་གྱིས་ཤིས་ཚིག་སྒྲོན་སྐབས། ཨ་རིས་ཀྲུང་གོར་བསམ་ཤེས་བྱེད་ཟབ་ཏུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། “ང་ཚོས་དེ་བས་སྲ་ཞིང་བརྟན་པའི་ཨ་ཀྲུང་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་གཞོལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད”ཅེས་བརྗོད། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔའི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་གདན་འདྲེན་པའི”གྲོས་འགོའི་དམིགས་ཚད་ལོ་གཉིས་དང་ལོ་ཕྱེད་ཀྱི་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་གྱི་གླེང་མོལ་ལས་དོན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ཆེན་པོ་བྱེད་པ་མཚོན་ཡོད། “དེ་ནི་དགེ་མཚན་ཆེན་པོ་ལྡན་པའི་འཕེལ་རིམ་ཞིག་ཡིན་པས་ཨ་རི་ཕྱོགས་ཀྱིས་ཀྱང་ཧུར་ཐག་འབད་ཐག་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥུང་གིས་དགོང་མོའི་གསོལ་སྟོན་ཐོག་ཤིས་ཚིག་སྒྲོན་སྐབས། ཉིན་ཤས་གོང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི”ངེས་གནས་གསར་པ་ཐུན་མོང་ཐོག་གཏན་འཁེལ་གནང་ཡོད། ང་ཚོ་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་ཡོད་པས། དུས་སྐབས་གང་ཞིག་ལས་ཀྱང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་དགོས་ལ། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་གལ་ཆེའི་རང་བཞིན་ཡང་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།