མི་ཐབས་རིག་ནུས་འདི་ཉིད་ཀྲུང་ཨ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།
ཉེ་ཆར། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མི་ཐབས་རིག་ནུས་ཀྱི་གནད་དོན་ཐད་དགེ་མཚན་ལྡན་པའི་སྤེལ་རེས་གནང་ནས་མི་ཐབས་རིག་ནུས་ཀྱི་སྲིད་གཞུང་དབར་གྱི་སྐད་ཆ་ཤོད་རེས་བྱ་རྒྱུར་མོས་མཐུན་གནང་ཞིང་། མིག་སྔར་ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ“ཀྲུང་ཨའི་དབར་གྱི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི”ངེས་གནས་གསར་པ་གཏན་འཁེལ་བྱས་ཡོད། མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་ཨ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད་ལ། མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་བདེ་རྩར་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་སྐུལ་འདེད་གཏོང་རྒྱུ་རེད།
རིག་ནུས་འཕོ་འགྱུར་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨ་རིས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་མིན་དེ་མི་ཐབས་རིག་ནུས་ལག་རྩལ་རིམ་སྤོར་དང་བཀོལ་སྤྱོད་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་ལ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་བ་དང་ཡང་འབྲེལ་བ་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེས། མི་ཐབས་རིག་ནུས་ལྟ་བུའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མདུན་དུ་ཀྲུང་ཨའི་མཉམ་ལས་དེ་བས་གལ་འགངས་ཆེ་བ་ཞིག་ཡོད། ཕྱོགས་གཉིས་པོར་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་པས། འགྲན་རྩོད་དང་འགྲན་རྒོལ་གྱི་བསམ་བློ་མི་འཁྱེར་བར་ཐུན་མོང་ཐོག་མི་ཐབས་རིག་ནུས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས་ངེས་རེད་ཅེས་ཐེངས་མང་བརྗོད་མྱོང་ཡོད།
ཉེ་ཆར། ཨ་རིའི་རླུང་འཕྲིན་ཀུང་སིའི་གསར་འགོད་པས་པེ་ཅིང་དུ་མི་མེད་རླངས་འཁོར་ལ་བསྡད་དེ་ཚོད་ལྟ་བྱས་པ་དང་། ཨ་རིའི་ཧྥུའུ་ཁེ་སིའི་གསར་འགྱུར་གཙོ་སྐྱོང་བས་པེ་ཅིང་གི་སྟབས་བདེའི་ཚོང་ཁང་དུ་དབྱིན་སྐད་བརྒྱབ་སྟེ་འཕྲུལ་མིའི་ས་ནས་རྒྱུ་མ་བསྲེགས་མ་ཉོས་ཤིང་། ཁོང་ཚོས“ཀྲུང་གོར་མི་ཐབས་རིག་ནུས་ནི་འབྱུང་འགྱུར་གྱི་རེ་སྒུག་ཅིག་མིན་པར་དེ་མངོན་འགྱུར་ཐུབ་ཡོད”མི་ཐབས་རིག་ནུས་ནི་ཚད་མཐོའི་མཉམ་ལས་ཀྱི་ཁྱབ་ཁོངས་ཤིག་ཡིན་པས་མཉམ་ལས་རྒྱ་ཁྱབ་བྱས་ཚེ་ལག་རྩལ་ཡར་རྒྱས་མགྱོགས་སུ་གཏོང་ཐུབ་ཅེས་བརྗོད་པ་དང་། ལས་རིགས་གཅིག་པས། མི་ཐབས་རིག་ནུས་ལག་རྩལ་ཞིབ་སྤེལ་དང་། བཀོལ་སྤྱོད། ལྟ་འདོམས་སོགས་ལྷུ་ཚིགས་ཁག་ཏུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀར་རང་རང་གི་ལེགས་ཆ་ལྡན་ཡོད་ལ། རྒྱལ་ཁབ་གཉིས་པོའི་ཉམས་མྱོང་ཐད་གསབ་རེས་རང་བཞིན་ངེས་ཅན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་བཀོལ་སྤྱོད་ཁྱབ་གདལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆོག ཨ་རིའི་མཱ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཚན་རྩལ་དཔྱད་གཏམ་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་བ་ལྟར་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འཛམ་གླིང་རྒྱལ་ཁབ་ཆེན་པོས་ངེས་པར་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ལག་རྩལ་དེས་མིའི་རིགས་ཡོངས་ལ་དངོས་འབྲེལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས།
ཁྲོམ་རའི་ལག་ལེན་ལས། ཀྲུང་ཨའི་མི་ཐབས་རིག་ནུས་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས་གཉིས་ཁེ་གཉིས་ཕན་ཐུབ་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་མང་ཤོས་ཀྱི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་རིག་ནུས་ཅན་གཞན་སྒྱུར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ནས། ཨ་རིའི་ཁེ་ལས་ལ་ཁྲོམ་རའི་གོ་སྐབས་གལ་ཆེན་བསྐྲུན་ཡོད། ཀྲུང་གོའི་མ་གནས་དམའ་བ་དང་ནུས་ཆེའི་ཐོན་ཁུངས་གསར་སྤེལ་གྱི་དཔེ་དབྱིབས་ཆེན་པོར་གོ་ལ་ཧྲིལ་པོའི་ལས་རིགས་གཅིག་པའི་དོ་ཁུར་མུ་མཐུད་ཐོབ་ཡོད་ལ། དབྱིན་ཝུའེ་ཏ་དང་། ཝུའེ་རོན། ཁྲའོ་ཝུའེ་གློག་འདྲེན་ཕྱེད་རྫས་སོགས་ཨ་རིའི་ཚན་རྩལ་ཁེ་ལས་ཀྱིས་ཀྲུང་གོའི་མི་ཐབས་རིག་ནུས་ལག་རྩལ་གྱི་སྐྱེ་ཁམས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་སྣ་མང་ལས་སྒོའི་མཉམ་ལས་ཀྱང་བྱས་ཡོད།
འཛམ་གླིང་དུ“མི་ཐབས་རིག་ནུས་ཀྱི་ལྕགས་ཡོལ”དང“མི་ཐབས་རིག་ནུས་ཁུལ”མཐོང་འདོད་མེད་ཅིང་། མི་ཐབས་རིག་ནུས་དགེ་བརྩོན་ཡོང་བ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཆེ་ཤོས་དེ་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་མཉམ་སྐྱོད་ཀྱིས་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། འགྲན་རྩོད་ལ་དོ་དམ་བྱེད་པ། མཉམ་ལས་བཅས་བྱས་ནས། མི་ཐབས་རིག་ནུས་འདི་ཉིད་ཀྲུང་ཨ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་མིའི་རིགས་ཡར་ཐོན་གྱི་སྐས་རིམ་གསར་པར་འགྱུར་བར་བྱས་ཏེ་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་རིག་ནུས་ཀྱི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།