ཞིང་ཆེན་དང་གྲོང་ཁྱེར་15ལ་འཚོ་བའི་གད་སྙིགས་ས་འོག་ཏུ་སྦས་མི་དགོས་པ་མངོན་འགྱུར་ཐུབ་པ།
2030ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཚད་76%ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན་པ།
གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་མེ་སྲེག་སྒྲིག་བཀོད་1137ཟིན་ཏེ་ཉིན་རེར་གད་སྙིགས་གཙང་སེལ་བྱེད་ཚད་ཏུན་ཁྲི་118ཟིན་པ་དང་། པེ་ཅིང་དང་། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་15ལ་འཚོ་བའི་གད་སྙིགས་ས་འོག་ཏུ་སྦས་མི་དགོས་པ་མངོན་འགྱུར་ཐུབ་པ་དང་། སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་ཚོད་འཛིན་ཐུབ་ཡོད། ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེ་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁག་199བཏོན་པ་དང་ལག་རྩལ་གྱི་ཚད་ལྡན་ཚད་གཞི་ཁག་100ལྷག་ཙམ་བཟོས་ཏེ་བཏོན་པས། གད་སྙིགས་རིགས་དབྱེ་དེ་ས་གནས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་གྱུར་པ་དང་། ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་གྲོང་མིའི་ཁུལ་ཆུང་297ལ་གད་སྙིགས་རིགས་དབྱེ་སྤྱིའི་ཆ་ནས་ཡོངས་སུ་ཁྱབ་ཡོད་པ་རེད།
ད་ལོའི་ཟླ་5ཚེས་25ནས་31ཉིན་བར་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་གཟའ་འཁོར་སྐབས་བཞི་པ་རེད། གོམ་སྟབས་རྗེས་མར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གད་སྙིགས་རིགས་དབྱེ་དང་། ཉུང་གཏོང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་དམིགས་ཚད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཕྱིར་བསྡུ་ཆོག་པའི་དངོས་པོའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གད་སྙིགས་ཐོན་ཁུངས་ཅན་གྱི་ཕྱིར་བསྡུ་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་ནས། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཚད་76%ལྷག་ཙམ་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།