དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་ནས།

    ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་ངན་སྐུལ་སྦིར་སྒྲོག་བྱེད་མཁན་བཅོས་སྒྲིག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-03

    ཚེས་29ཉིན། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2026ལོའི“དྭངས་གསལ”ཆེད་དོན་བྱ་སྤྱོད་རབ་དང་རིམ་པའི་ལས་དོན་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས་29ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གཉིས་ཀྱི“དྭངས་གསལ། ཚོང་གཉེར་དྲ་རྒྱའི་ཁོར་ཡུག་ལེགས་གཏོང་། ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་ངན་སྐུལ་སྦིར་སྒྲོག་བྱེད་མཁན་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    ཆེད་དོན་བྱ་སྤྱོད་དེ་ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་ངན་སྐུལ་སྦིར་སྒྲོག་བྱེད་པ་དང་། ཁེ་ལས་ལ་དམའ་འབེབས་ངན་སྨྲས་བྱེད་པ། ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱེད་པ། ཁེ་ལས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་མངོན་གསལ་དོད་པའི་གནད་དོན་རིགས་བཞིར་དམིགས་ཡོད་པ་རེད།

    ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་ངན་སྐུལ་སྦིར་སྒྲོག་བྱེད་པའི་གནད་དོན་ནང་། ཁེ་ལས་ཁྲོམ་རར་ཞུགས་ནས་མ་དངུལ་བསྡུ་སྒྲིལ་བྱེད་པ་དང་། ནོར་དོན་སྙན་ཞུའི་རེའུ་མིག་ཡོངས་བསྒྲགས་བྱེད་པ། ཐོན་རྫས་གསར་པ་ཁྱབ་བསྒྲགས་བྱེད་པ་སོགས་དུས་ཚོད་དང་མཚམས་ཚིགས་གལ་ཆེན་དུ་ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་སྦིར་སྒྲོག་བྱེད་པ་དང་། བསམ་སྦྱོར་ངན་པས་ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱས་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་གནད་དོན་ནམ་ཡང་ན་ཐོན་རྫས་ཀྱི་སྤུས་ཀའི་གནད་དོན་སྦིར་སྒྲོག་བྱེད་པ། དོན་དངོས་དང་མི་མཐུན་པའི་ཞིབ་དཔྱད་རྫུན་མ་བྱས་ནས་ཚོང་ཟོག་ཞིབ་དཔྱད་དང་། ཚོད་ལྟ། འཛད་སྤྱོད་ཉམས་ལེན་བཅས་ཀྱི་ཆ་འཕྲིན་སྦིར་སྒྲོག་བྱེད་པ། “དངུལ་སྤྲད་ནས་རྒྱུག་འབོར་ཉོ་བ”སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཁྱབ་སྤེལ་བྱས་ནས། ཁེ་ལས་དང་འབྲེལ་བའི་གླེང་ཕྱོགས་བཟོ་བའམ་ཡང་ན་རྒྱ་ཆེར་གཏོང་བ་བཅས་ཚུད་ཡོད།

    ཁེ་ལས་ལ་དམའ་འབེབས་ངན་སྨྲས་བྱེད་པའི་གནད་དོན་ནང་། AIསྤྱད་དེ་ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་རྫུན་མ་བཟོས་ནས་བསམ་སྦྱོར་ངན་པས་ཁེ་ལས་དང་ཁེ་ལས་པར་ངན་སྨྲས་བྱེད་པ་དང་། དྲ་རྒྱའི་ཆུ་དམག་གླས་ནས་ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་འདྲ་མཚུངས་མ་ཁྱབ་སྤེལ་བྱས་ཏེ་བསམ་སྦྱོར་ངན་པས་ཁེ་ལས་དང་ཐོན་རྫས་གཞན་དག་ལ་བསྙད་འདོགས་དམའ་འབེབས་བྱེད་པ། དྲ་རྒྱའི་མི་སྣ་གྲགས་ཅན་གྱི་ཨང་རྟགས་ཐོག“འབོད་འགུག”སོགས་ཀྱི་རྣམ་པ་བརྒྱུད་ཁེ་ལས་ལ་དོན་མེད་དོགས་འདྲི་དང་རྡོག་བརྫིས་གཏོང་བ་དང་འབྲེལ་དྲ་དམངས་ངན་སྐུལ་བྱས་ནས་ཁེ་ལས་དང་ཁེ་ལས་པར་སྐུར་འདེབས་འཕྱ་སྨོད་བྱེད་པ་སོགས་ཚུད་ཡོད།

    ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱེད་པའི་གནད་དོན་ནང་། ཁེ་ལས་ལ“ལྡོག་ཕྱོགས་ཆ་འཕྲིན་གྱི་དཔང་རྟགས་འཚོལ་བའི་ཡི་གེ”དང“གནས་ཚུལ་ཞིབ་བསྡུར་ཡི་གེ”སོགས་བསྐུར་ནས་བཙན་ཤེད་ཀྱིས་ཚོང་ལས་མཉམ་ལས་བྱེད་པ་དང་། གླེང་ཕྱོགས་ལྟ་སྐུལ་དང་སྤྱི་ཚོགས་ལྟ་སྐུལ་དེ་ཚོང་ལས་མཉམ་ལས་དང་ཟུང་འབྲེལ་བྱས་ཐོག་ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་བྱ་ཐབས་སུ་བྱས་ནས། ཁེ་ལས་ལ་གནོན་ཤུགས་སྤྲད་དེ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཐབས་བྱེད་པ། ཁེ་ལས་དང་འབྲེལ་བའི་ལྡོག་ཕྱོཌ་ཀྱི་ཆ་འཕྲིན་ཁྱབ་བསྒྲཌ་བྱས་རྗེས་ཁེ་ལས་ལ“མཆན་ལན་བསུབ་པའི་གྲོན་དངུལ”དང“རྩོམ་ཡིག་ཕྱིར་འཐེན་གྲོན་དངུལ”སློང་བ་བཅས་ཚུད་ཡོད།

    ཁེ་ལས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ནང་། ཁེ་ལས་པའི་གསང་བ་སྦིར་སྒྲོག་བྱེད་པ་དང་། ཁེ་ལས་པར་བརྙས་བཅོས་འཕྱ་སྨོད་དང་དཀྲོག་གཏམ་བཟོས་ནས་མ་ཉེས་ཁ་གཡོགས་བྱེད་པའི་གཏམ་བརྗོད་ཁྱབ་སྤེལ་བརྒྱུད་བསྒྲགས་བྱེད་པ། ཁེ་ལས་པའི་འཚོ་བའི་བརྗོད་གཞི་སྦིར་སྒྲོག་བྱས་ནས་ཁེ་ལས་དང་ཁེ་ལས་པའི་གཟུགས་བརྙན་ལ་དམའ་འབེབས་བྱེད་པ། ཁེ་ལས་པའི་འདས་དོན་སོགས་སྦིར་སྒྲོག་བྱེད་པ་དང་འབྲེལ་ཁེ་ལས་པའི་གཏམ་བརྗོད་ཀྱི་ལུང་ཚིག་ལོག་འདྲེན་དང་བརྗོད་དོན་ལོག་འགྲེལ་བྱེད་པ་བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།