དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གིས།

    གཅེས་སེམས་ས་ཚིགས་བསྐྲུན་ནས་ཁང་ཕྱིའི་ངལ་རྩོལ་པར་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    འདི་ནི་འགོ་འཇོ་རྫོང་གི་ཁོར་ཡུག་གཙང་སྦྲའི་ལས་དོན་པས་གཅེས་སེམས་ས་ཚིགས་སུ་ངལ་གསོ་རྒྱག་བཞིན་པ།

    ད་ཆ། ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གི་ཁྲོམ་གཞུང་དུ“དྲ་ཐོག་གྲགས་ཅན”གྱི་ས་ཆ་གསུམ་མང་དུ་ཕྱིན་པ་དང་། དེ་གར་ཇའི་དྲི་ཞིམ་འཐུལ་ཞིང་དཔེ་དེབ་དང་ངལ་གསོའི་རྐུབ་སྟེགས་གྲལ་བསྟར་འགྲིག་པས་ངལ་རྩོལ་པར་དབེན་འཇམ་བག་ཕེབས་ཀྱི་ཚོར་སྣང་ཞིག་སྦྱིན་ཐུབ། ཁོར་ཡུག་གཙང་སྦྲའི་ལས་དོན་པ་དང་། མངག་ཚོང་སྐྱེལ་མཁན། ལས་སྒྲུབ་མི་དམངས་ཉེན་རྟོག་པ་བཅས་ཀྱི་ངོས་ནས་བཤད་ན་དེ་གར་ལམ་ཟུར་གྱི་ཁང་པ་ཙམ་མ་ཡིན་པར་ངལ་དུབ་ཆེ་བའི་སྐབས་སུ་ངལ་ཕྲན་བུ་གསོ་ས་དང་ཁ་སྐོམ་དུས་ཆུ་ཚ་པོ་ཧུབ་གང་འཐུང་རྒྱུ་ཡོད་ལ་ག་དུས་ཡིན་རུང་ལག་ཐོགས་ཁ་པར་ལ་གློག་གསོག་ཐུབ་པའི“ཁྱིམ་གཉིས་པ”རེད།

    སྙིང་ཉེ་ལ་སྤྱོད་གོ་ཆོད་པའི་གཅེས་སེམས་ས་ཚིགས་དེ་དག་འགོ་འཇོ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེད་མངགས་བོད་སྐྱོར་མ་དངུལ་སྒོར་ཁྲི་18བཏང་ནས་ཞིབ་ཚགས་ངང་བསྐྲུན་པ་ཞིག་ཡིན་ཞིང་། ད་ཆ་ཚང་མ་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཆུང་ལ་སྐྱིད་སྣང་དོད་པའི་གཅེས་སེམས་ས་ཚིགས་རེ་རེ་བཞིན་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཆགས་ཏེ་ཁྲོམ་གཞུང་དང་སྲང་ལམ་གང་སར་འགྲོ་འོང་བྱེད་མཁན་ཁང་ཕྱིའི་འཐབ་ཕྱོགས་དང་པོའི་ལས་དོན་པར་ཚ་གཡོལ་དང་ཆར་གཡོལ་བྱེད་པའི་ཁྱིམ་གཞིས་དྲོན་མོ་ཞིག་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཅེས་སེམས་ས་ཚིགས་དེ་གསུམ་པོ་ནི་འགོ་འཇོ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནད་སྨིན་ངང་ས་ཆ་བདམས་པ་དང་ཚན་རིག་དང་མཐུན་པའི་བཀོད་ཇུས་བྱས་པ་ཞིག་ཡིན་ཞིང་། རྫོང་གྲོང་གི་ལྟེ་བའི་ས་ཁོངས་ལྟེ་གནས་སུ་བྱས་ཏེ་མཐའ་འཁོར་གྱི་ཁྲོམ་གཞུང་ལྔ་དང་སྡེ་ཁུལ་གསུམ་ལ་ཁྱབ་པ་དང་། ས་ཚིགས་གསུམ་པོ་ཤར་རླུང་ཉེན་དོན་ས་ཚིགས་དང་། རྒྱལ་ཁའི་ལམ་ཉེན་དོན་ས་ཚིགས། ཀུན་བཟང་སྡེ་ཁུལ་ཉེན་དོན་ས་ཚིགས་བཅས་སོ་སོར་ཁྱབ་ཐོག ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཐག་ཉེ་སར་སྟབས་བདེ་ལ་མྱུར་བའི་ཞབས་ཞུ་ཐུབ་སྟེ་འཐབ་ཕྱོཌ་དང་པོའི་ཁང་ཕྱིའི་ལས་དོན་པའི་ཚོཌ་སྤྱིར་ཕྱོཌ་ཡོངས་ནས་ཁྱབ་ཡོད།

    ས་ཚིགས་ཀྱི་རྒྱལ་སྒོ་ཕྱེ་སྐབས་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་ངང་གིས་སྦྱིན་ཞིང་། གཙང་ལ་གྲལ་སྟར་འགྲིག་པའི་ངལ་གསོའི་རྐུབ་སྟེགས་དང་། ཆུ་ཚོད་24རིང་བར་མེད་དུ་མཁོ་འདོན་ཐུབ་པའི་འཐུང་ཆུའི་སྒྲིག་ཆས། རིགས་མང་བའི་གློག་གསོག་མཐུད་སྣེ་བཅས་དང་དེ་བཞིན་སྣ་མང་ཕུན་སུམ་ཚོགས་པའི་དཔེ་དེབ་ཆུང་གྲས་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད། ཁང་ཕྱིའི་ངལ་རྩོལ་པས་དེ་གར་ངལ་གསོ་བ་དང་ཆུ་ཚ་པོ་འཐུང་ཆོག་པ་མ་ཟད་ལག་ཐོགས་ཁ་པར་དང་གློག་འགུལ་ལས་སྒྲུབ་ཡོ་ཆས་ལ་གློག་གསོག་ཐུབ་ཁར་ལས་ཀའི་བར་གསེང་དུ་ལུས་སེམས་ལྷོད་ལ་ཕབ་ཞོར་དཔེ་དེབ་ལྟ་རྒྱུའང་ཡོད།

    འགོ་འཇོ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཆོས་སྒྲོན་གྱིས་བཟོ་ཚོགས་དེས་གཅེས་སེམས་ས་ཚིགས་འཛུགས་དོན་ནི་མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་། ཞབས་ཞུའི་ཞན་ཆ་གནད་སྨིན་སེལ་བ། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ནས་གཅེས་སེམས་ཞབས་ཞུ་ཏན་ཏིག་སྒྲུབ་ཐུབ་ཆེད་རེད། བཟོ་ཚོགས་ཀྱི་སེམས་ཁུར་དང་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་སྤྱོད་ཐུབ་པའི་དམངས་འཚོའི་དོན་དངོས་སུ་བསྒྱུར་ནས་འཐབ་ཕྱོགས་དང་པོའི་ངལ་རྩོལ་པ་ཚང་མར་རྫོང་ཨུད་དང་རྫོང་སྲིད་གཞུང་དང་བཟོ་ཚོགས་རྩ་འཛུགས་ཀྱིས་སེམས་ཁྲལ་དང་སེམས་ཁུར་བྱེད་ལུགས་ཚོར་བར་བྱས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།