དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལམ་སྲོལ་གསར་པ་ལས་སྡེ་ཁུལ་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་བྱུང་བ།

    ——དར་དམར་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    སྡེ་ཁུལ་གྱི་ལས་དོན་སྣ་མང་རྙོག་འཛིང་ཆེ་ཞིང་ཁྱིམ་ཚང་མང་པོ་དང་འབྲེལ་བས། གཞི་རིམ་གྱི་ལས་དོན་པ་ཚང་མའི་བློ་གྲོས་དང་འགན་འཁྲི་འཁུར་སེམས་ལ་ཚོད་བགམ་ཐེབས་བཞིན་ཡོད། ད་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ནས“རེས་སྐོར་ཧྲུའུ་ཅི”དང“གཟའ་འཁོར་གཉིས་ཀྱི་ཟིན་ཐོའི”ལས་ཀའི་ལམ་སྲོལ་ཆེན་པོ་གཉིས་གསར་གཏོད་བྱས་ཏེ་ཤེས་ལྡན་པར་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་ལ་མཐུན་རྐྱེན་བསྐྲུན་པས། སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

    A“རེས་སྐོར་ཧྲུའུ་ཅིས”གཞི་རིམ་ལས་དོན་ལ་གསོན་ཤུགས་གསར་པ་བསྣན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱི་ཞོགས་པའི་ཚོགས་འདུ་ཧ་ཅང་འཁྲུག་ཆ་དོད་ཅིང་། “རེས་སྐོར་ཧྲུའུ་ཅི”བཀྲ་ཤིས་དབང་རྒྱལ་གྱིས་སྡེ་ཁུལ་གྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་གཟའ་འཁོར་དེའི་སྡེ་ཁུལ་གྱི་གཙོ་གནད་ལས་དོན་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ཁོང་གིས་བསྒྲུབ་རྒྱུར་ལུས་པའི་ལས་དོན་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་དང་བགོ་བཤའ་གནད་སྨིན་རྒྱག་བཞིན་ཡོད།

    བཀྲ་ཤིས་དབང་རྒྱལ་གྱིས་གསར་འགོད་པར“དེ་སྔ་ལས་ཀ་བཀོད་སྒྲིག་དང་ཇུས་ཐག་གཅོད་རྒྱུ་ཚང་མ་ཧྲུའུ་ཅི་དང་པོའི་ལས་འགན་ཡིན་པ་དང་རང་ཉིད་ཀྱིས་ལས་བགོས་བརྒྱབ་པའི་ལས་འགན་ལེགས་གྲུབ་བྱུང་ན་འགྲིག་གི་རེད་སྙམ་གྱི་ཡོད། ‘རེས་སྐོར་ཧྲུའུ་ཅིའི’འགན་ཁུར་རྗེས་གཞི་ནས་སྡེ་ཁུལ་གྱི་ལས་དོན་ཆེ་ཆུང་ལ་སྤྱི་འདོམས་སློབ་སྦྱོང་བྱེད་དགོས་པ་མ་ཟད། ད་དུང་སྡེ་ཚན་ཁག་དང་འབྲེལ་མཐུད་བྱེད་དགོས་པས་དཀའ་ལས་ཁག་པོ་ཡོད་པ་ཤེས་བྱུང”ཞེས་བཤད།

    ལྕགས་རོང་སྡེ་ཁུལ་དུ་དེ་ལྟ་བུའི་ལས་དོན་པ་དཀྱུས་མས“རེས་སྐོར་ཧྲུའུ་ཅིའི”འགན་ཁུར་ནས་ཞོགས་པའི་ཚོགས་འདུ་གཙོ་སྐྱོང་བྱེད་པའི་རྣམ་པ་ཉིན་ལྟར་མཐོང་རྒྱུ་ཡོད། བཀྲ་ཤིས་དབང་རྒྱལ་གྱི་མྱོང་ཚོར་དངོས་ནི་གཞི་རིམ་གྱི་ལས་དོན་པའི་འཇོན་ཐང་མྱུར་དུ་འཕེལ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ལྕགས་རོང་སྡེ་ཁུལ་གྲོང་ལྷན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་དང་བདེ་འཇགས་སྲུང་སྐྱོང་ཨུ་ཡོན་བདེ་སྐྱིད་སྐལ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཞི་རིམ་གྱི་ལས་དོན་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ལྕགས་རོང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་སྔོན་ཆད་ཀྱི་ཧྲུའུ་ཅིས་བཀོད་སྒྲིག་བྱེད་པ་དང་ལས་དོན་པས་ལག་ལེན་བསྟར་བའི་ལས་ཀའི་རྣམ་པ་ལས་བསྒྲལ་ཏེ། ལས་དོན་པ་ཡོངས་ཀྱིས་གཟའ་འཁོར་རེར་ཧྲུའུ་ཅིའི་ལས་གནས་བརྗེ་རེས་དང་འགན་ཆ་ཚང་འཁུར་བའི“རེས་སྐོར་ཧྲུའུ་ཅིའི”ལམ་སྲོལ་གསར་གཏོད་བྱས་ནས་ལས་དོན་པ་ཚང་མ་སྡེ་ཁུལ་གྱི་ཐབས་ཇུས་དང་ལས་དོན་ཁག་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་བརྒྱུད་རིམ་ནང་ཞུགས་སུ་བཅུག་ནས“ལག་བསྟར་བྱེད་མཁན”ནས“སྤྱི་འདོམས་བྱེད་མཁན”དུ་རིམ་གྱིས་གྱུར་ཐོག སྤྱི་འདོམས་འཆར་འགོད་དང་། མཐུན་སྦྱོར་གཞོགས་འདེགས། འགལ་ཟླ་འདུམ་སྒྲིག མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།

    B“གཟའ་འཁོར་གཉིས་ཀྱི་ཟིན་ཐོས”སྡེ་ཁུལ་གྱི་ལས་ཀའི་སྤུས་འབྲས་ལེགས་ གཉེར་ལ་སྐུལ་འདེད་བཏང་བ།

    “གཟའ་འཁོར་འདིར་དུད་ཚང་དུ་འཚམས་འདྲིར་སྐྱོད་པའི་ལས་དོན་ལ་བློ་ཡིད་ཚིམ་པོ་བྱུང་། ངས་གྲོང་མིའི་བསམ་འཆར་དང་གྲོས་འགོ་མི་ཉུང་བ་ཞིག་བསྡུ་ལེན་ཐུབ་བྱུང”གཟའ་འཁོར་འདིར་བློ་ཡིད་མི་ཚིམ་ཤོས་ནི་རང་ཉིད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ནུས་པ་ཡིན་པ་དང་ད་དུང་སློབ་སྦྱོང་བྱེད་དགོས་པ་མང་པོ་ཡོད་པའི་ཚོར་སྣང་བྱུང་ཞེས་ཉེ་ཆར་ལྕགས་རོང་སྡེ་ཁུལ་གྱི་གཟའ་འཁོར་རིང་འཆར་ཅན་ཚོགས་འདུའི་ཐོག་ལས་དོན་པ་ཚོས་མཉམ་དུ་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་བྱས་ཏེ་གཟའ་འཁོར་གཅིག་གི་ལས་དོན་མཉམ་སྤྱོད་དང་ཕྱོགས་སྡོམ་བྱས་པ་རེད།

    ལྕགས་རོང་སྡེ་ཁུལ་གྱི་ལས་དོན་པ་ཕུར་བུ་བཀྲ་ཤིས་ཀྱིས་གསར་འགོད་པར“‘གཟའ་འཁོར་གཉིས་ཀྱི་ཟིན་ཐོའི’ལམ་ལུགས་ཁྱབ་གདལ་བཏང་རྗེས་ང་ཚོས་གཟའ་འཁོར་རེར་བློ་ཡིད་ཚིམ་ཤོས་དང་བློ་ཡིད་མི་ཚིམ་ཤོས་ཀྱི་ལས་དོན་མཉམ་སྤྱོད་བྱེད་ཀྱི་ཡོད། ཚང་མས་ལས་དོན་ཡག་པོ་བསྒྲུབས་པའི་ཁྲོད་ནས་ཉམས་མྱོང་ཕྱོགས་སྡོམ་བྱེད་ཐུབ་པ་མ་ཟད། ད་དུང་མི་འདང་བའི་ཁྲོད་གནད་དོན་འཚོལ་བ་དང་ཕན་ཚུན་གྲོས་འགོ་བཏོན་ནས་ལེགས་སུ་གཏོང་རོགས་བྱས་པས་འཚར་ལོངས་དང་ཡར་རྒྱས་སྔོན་ཆད་ལས་མྱུར་བ་བྱུང་ཡོད”ཅེས་བཤད།

    ད་ལོའི་ཟླ་3པར། ལྕགས་རོང་སྡེ་ཁུལ་གྱིས“རེས་སྐོར་ཧྲུའུ་ཅིའི”ལམ་སྲོལ་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་རྨང་གཞིའི་ཐོག ལས་ཀའི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་བ་དང་ལས་ཀའི་བྱེད་སྟངས་གསར་གཏོད་བྱས་ཏེ“གཟའ་འཁོར་གཉིས་ཀྱི་ཟིན་ཐོ”མཉམ་སྤྱོད་ལམ་སྲོལ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད། “བློ་ཡིད་ཚིམ་ཤོས་ཀྱི་ལས་ཀ་དང་བློ་ཡིད་མི་ཚིམ་ཤོས་ཀྱི་ལས་ཀ་གཙོ་བོར་བྱས་ནས་ལས་དོན་པས་གྲུབ་འབྲས་ཀྱི་བཀྲག་མདངས་འཚེར་ས་སྟོན་པ་མ་ཟད། ཞན་ཆ་ཡང་འདོན་པར་ཁྲིད་སྟོན་བྱས་ཏེ“མཉམ་སྤྱོད་དང་། བསམ་ཞིབ། དག་ཐེར། མཐོར་གཏོང”བཅས་ཀྱི་ལས་རྣམ་ཆགས་པར་སྐུལ་འདེད་བཏང་སྟེ། ལས་དོན་པ་ཡོངས་ཀྱིས་ལས་དོན་ཁག་སྤེལ་སྐབས་བློ་རྩེ་གཅིག་སྒྲིམ་གྱིས་བསམ་གཞིག་དང་། ཕྱོགས་སྡོམ་མཐོར་གཏོང་བྱེད་དུ་བཅུག་ནས་ཚང་མར་འཇོན་ནུས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་རོགས་བྱས་ཡོད་ལ། སྡེ་ཁུལ་ལས་དོན་གྱི་དོན་འཁྱོལ་སྤུས་ཚད་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས“ལམ་སྲོལ་ཆུང་ངུ”དེ་གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་གྱི“དམ་འཛིན་བྱ་གཞི་ཆེ་མོར”དངོས་སུ་གྱུར་ཡོད།

    Cཐབས་མང་མཉམ་སྤྱོད་ཀྱིས་སྡེ་ཁུལ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ།

    ད་ཆ་ལྕགས་རོང་སྡེ་ཁུལ་གྱི་ཁྲོམ་གཞུང་དང་། སྒོ་ར། ཇ་ཁང་། མང་ཚོགས་ཀྱི་སྡོད་ཁང་བཅས་སུ་སྐྱོད་སྐབས། ལས་དོན་པ་དང་གྲོང་མི་མཉམ་དུ་བསྡད་དེ་སྙིང་གཏམ་ཤོད་རེས་བྱེད་པ་དང་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་རྟག་ཏུ་མཐོང་རྒྱུ་ཡོད་ཅིང། དེ་ལས་ཏང་དང་མང་ཚོགས་དབར་སེམས་པ་གཅིག་མཐུན་དང་ཁྱིམ་མཚེས་དབར་འཆམ་མཐུན་གྱི་དྲོ་སྐྱིད་ལྡན་པའི་རྣམ་པ་ངང་གིས་མངོན། ལས་དོན་སྤེལ་རིང་། ལས་དོན་པས་ལྷག་བསམ་རྣམ་དག་ངང་གྲོང་མིའི་འཚོ་བར་ཞུགས་པ་དང་། གྲོང་མིའི་སེམས་གཏིང་གི་སྐད་ཆ་ཉན་པ། ཁོང་ཚོའི་དཀའ་གནད་སེལ་བ་བཅས་བྱས་པ་མ་ཟད་གྲོང་མིས་ཀྱང་སེམས་གཏིང་གི་སྐད་ཆ་ཤོད་འདོད་ཡོད་པ་དང་། ལས་དོན་པར་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་མཉམ་སྤྱོད་བྱས་ཐོག་སྡེ་ཁུལ་ལས་དོན་ལ་ཡིད་ཆེས་བྱེད་སེམས་དང་བློ་ཡིད་ཚིམ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།

    གྲོང་མི་བློ་ཡིད་ཚིམ་པོ་བྱུང་བ་དེ་སྡེ་ཁུལ་གྱི་ལས་དོན་ལ་ཐད་ཀར་ཁས་ལེན་བྱས་པ་ཞིག་རེད། ལྕགས་རོང་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་སྲོག་ཤིང་དུ་བྱས་ཏེ། ལམ་སྲོལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། དཔུང་ཁག་འཛུགས་སྐྱོང་འདེགས་སྐྱོར་དུ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་དང་བརྒྱུད་རིམ་ལྡན་པའི་ངང་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་། གཞི་རིམ་བཅོས་སྐྱོང་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

    ལྕགས་རོང་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས“རེས་སྐོར་ཧྲུའུ་ཅི་དང་གཟའ་འཁོར་གཉིས་ཀྱི་ཟིན་ཐོ་ཟུང་འབྲེལ”གྱི་ལམ་སྲོལ་མུ་མཐུད་ཟབ་ཏུ་བཏང་ནས་ཉམས་མྱོང་ཕྱོགས་སྡོམ་དང་། ལེགས་སུ་གཏོང་བ། བྱེད་ཐབས་ཡག་པོ་དེ་ལམ་ལུགས་ཡག་པོར་འགྱུར་བ། ལམ་སྲོལ་ཡག་པོ་དེ་ཕན་འབྲས་ཡག་པོར་འགྱུར་བ། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། ལས་དོན་པའི་དཔུང་ཁག་གི་འཇོན་ཐང་དང་བྱང་ཚད་མུ་མཐུད་མཐོ་རུ་གཏོང་བ། སྣ་མང་མཐུན་སྦྱོར་གྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། གཞི་རིམ་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ནས་ཞབས་ཞུ་གྲོང་མིའི་བློ་ལ་བབ་པ་དང་སྡེ་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།