སེམས་སྦྲེལ་ཟམ་པ་བཙུགས། གཅིག་སེམས་གཅིག་ཏུ་སྦྲེལ།
——ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཧུར་ཐག་སྤེལ་བ།
བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་ནི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གནས་མཆོག་ཅིག་ཡིན་ཞིང་། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེ་འཆམ་མཐུན་གྱི་སྲོལ་རྒྱུན་བཟང་པོ་གྲོང་ཁྱེར་འཕེལ་རྒྱས་དང་འགྲོགས་ནས་དར་སྤེལ་འགྲོ་བཞིན་ཡོད། ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། སྤྱི་འདོམས་འཆར་འགོད་ནས་དྲིལ་བསྒྲགས་སློབ་གསོ་བར་དང་། གཞི་རིམ་གྱི་འཐབ་ས་ནས་ཚད་ལྡན་དོ་དམ་བཅས་བར་ས་ཁོངས་ཡོངས་སུ་འཛུགས་གཏོད་དང་། དམངས་ཡོངས་ཞུགས་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལེའུ་རིམ་བཞིན་རྩོམ་བཞིན་ཡོད།
བྱེད་ཐབས་སྔོན་ལ་ལག་བསྟར་བྱས།
རྩེ་རིམ་ཇུས་འགོད་ལ་བརྟེན་ནས་འཆར་གཞི་བཀོད་པ།
ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་དེ《ལྷ་ས་གྲོང་ཁྱེར་གྱི་2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་གྱི་2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“བཅུ་སྤེལ”ལས་ཀའི་འཆར་གཞི》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས་བཀྲམ་པ་མ་ཟད། 《སེམས་མཐུན་ཕུགས་འདུན་གཏོད་པའི་ཆེད་དོན་ལས་དོན་ཇུས་གཞིའི་ལས་འགན་གསལ་ཐོའི》 འཆར་ཟིན་བཀོད་ཡོད། གནད་འཕིགས་ཀྱི་ཡིག་ཆ་རེ་རེ་ལས་སྤྱིའི་དམིགས་ཚད་དང་། གཙོ་གནད་ལས་འགན། འགན་འཁྲི་ཁག་བགོས། ལས་ཀའི་བླང་བྱ་བཅས་ཁ་གསལ་བྱུང་བ་མ་ཟད། ལོ་ཧྲིལ་པོའི་ལས་དོན་གྱི“ལམ་ཐིག་དཔེ་རིས”དང“ལས་འགན”ཡང་ཁ་གསལ་བྱུང་ཡོད།
ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“བཅུ་སྤེལ”བླང་བྱར་དམིགས་ནས། ལྷ་ས་གྲོང་ཁྱེར་གྱིས་རིགས་དབྱེ་མཛུབ་ཁྲིད་དང་ཇུས་བསྟར་གནད་སྨིན་བྱས་ཏེ་ཁྱབ་ཁོངས་དབྱེ་ནས་འཛུགས་གཏོད་ཀྱི་གཙོ་གནད་གསེད་བཀྲོལ་དང་། ཁྱད་ལྡན་གཞི་རྟེན་ཇུས་འགོད། འགན་འཁྲིའི་ཚན་པ་གཏན་འཁེལ་བཅས་མཐའ་འཁྱོངས་བྱས་ཡོད། “ཁྱབ་ཁོངས་གཅིག་ལ་ཐབས་ཇུས་གཅིག”གི་བྱེད་ཐབས་དེས་འཛུགས་གཏོད་ལས་དོན་དེ་ཉིད་གྲོང་ཁྱེར་རིམ་པ་ནས་གཞི་རིམ་གྱི་འཐབ་ས་དང་པོར་སྣུར་སྲིང་དང་ལས་རིགས་ཁག་ལ་ཁྱབ་པར་སྐུལ་འདེད་ནུས་ལྡན་ཐེབས་ནས་གོང་འོག་མཉམ་འགུལ་དང་། གཡས་གཞོགས་གཡོན་འདེགས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་འཛུགས་གཏོད་ལས་དོན་གྱི་རྣམ་པ་ཞིག་གྲུབ་ཡོད།
མཉམ་དུ་ལས་དོན་སྤེལ།
ཐུན་མོང་འདུ་ཤེས་ཀྱི“བསམ་བློའི་རྩ་བ”བརྟན་དུ་ཕྱིན་པ།
བསམ་བློ་མཐུན་ན་བྱ་སྤྱོད་གཅིག་མཐུན་ཡོང་ཐུབ། ལྷ་ས་གྲོང་ཁྱེར་གྱིས་དྲིལ་བསྒྲགས་སློབ་གསོ་དེ་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣེ་ཁྲིད་འདུ་འགོད་དང་། རྒྱུན་རྣམ་ཅན། སྣ་མང་ཅན་བཅས་སུ་བརྩིས་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2026ལོའི་དུས་ཚིགས་དང་པོར། ལྷ་ས་གྲོང་ཁྱེར་གྱིས“གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ”ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འཕྲིན་ཐུང་ཁྲི་305བསྐུར་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་བརྡ་རྟགས་དང་བསྟུན་ནས་བོད་དུ་ཡོང་མཁན་ཡུལ་སྐོར་བ་དང་གྲོང་མི་ཚང་མར་ཁྱབ་པར་བྱས་ཡོད།
གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བཅས་སུ་ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་འཚམ་པའི་དྲིལ་བསྒྲགས་ནང་དོན་ཁྱབ་གདལ་བཏང་ཡོད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ནས་སྐབས་ལྔ་པའི“རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱིས་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་འཕྲིན་སྤེལ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བཅར་འདྲིའི་ལས་དོན་ལེགས་སྒྲུབ་བྱས་ཡོད། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་ཐུབ་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་མི་སེམས་ལ་ཟུག་ཡོད།
ལྷ་སའི་འཇིག་རྟེན་གསར་པའི་ཉོ་སྒྲུབ་ཐང་ཆེན་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྤེལ་སར་བྱས་ནས་གྲོང་མི་ཚོས་ཅ་ལག་ཉོ་བ་དང་སྤྲོ་གསེང་གཏོང་རིང་མཐུན་སྒྲིལ་གྱི་རྣམ་པ་ཚོར་བར་བྱས་ཡོད། ཅ་ལག་ཉོ་མཁན་གྲོང་མི་ཞིག་གིས་གསར་འགོད་པར“ད་ཆ་གང་དུ་ཕྱིན་ཀྱང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་དྲིལ་བསྒྲགས་བྱེད་སྒོ་མཐོང་རྒྱུ་འདུག་པས། ང་ཚོའི་གྲོང་ཁྱེར་མི་རིགས་ཁག་དབར་ཕན་ཚུན་བརྩེ་སེམས་ཟབ་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།
“འཐབ་ས་གཙོ་བོ”བརྟན་དུ་བཏང་།
ཕན་ཚུན་ལྟ་སྐྱོང་གི“སེམས་འབྲེལ་ཟམ་པ”བསྐྲུན་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གཙོ་གནད་དེ་གཞི་རིམ་དུ་ཡོད་ལ་གཡུལ་སའང་གཞི་རིམ་དུ་ཡོད། 2026ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ལ་ཕྱོགས་པ་དང་། ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་མང་ཚོགས་ཀྱི་ཁྲོད་ཁྱབ་གདལ་བཏང་བས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་གང་སར་ཁྱབ་ཡོད།
ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས《2026ལོའི་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སེ་འབྲུའི་སྲང་ལམ་གཏོད་པའི་དགོས་མཁོ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ལ་ཕྱོགས་ནས་དགོས་མཁོ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི“མི་རིགས་མཐུན་སྒྲིལ་གྱི་སེ་འབྲུའི་སྲང་ལམ”གྱི་དགོས་མཁོའི་མཛོད་བཙུགས་ཡོད། ལྷུན་གྲུབ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲོམ་གཞུང་དུ་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་། ས་ཆ་འདེམས་པ། འཛུགས་སྐྲུན་བཅས་དུས་གོང་ཇུས་གཞི་ལེགས་གྲུབ་ཟིན་ཡོད་ལ། དགའ་ལྡན་དགོན་གྱི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་གནས་བར་ཁྱམས་ཀྱང་སྐྲུན་འགོ་ཚུགས་ཡོད།
ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་ཞིག་འཆར་འགོད་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་ཆུ་ཤུར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་ས་ཆ་འདེམས་པ་དང་། བྱེད་ནུས་ཁུལ་བཀོད་སྒྲིག རིག་གནས་མཉམ་འདྲེས་སོགས་ཀྱི་འབྲེལ་གཏུག་ལས་དོན་སྤེལ་ཞིང་། མི་རིང་བར་གྲོང་ཚོ་དེ་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལས་སྟེགས་གསར་པ་ཞིག་ཏུ་འགྱུར་ངེས་རེད།
ད་ཆ་ལྷ་སར“ས་ཁོངས་ཅན་གྱི་འཛུགས་གཏོད་དང་། ལྗོངས་རྣམ་ཅན་གྱི་དྲིལ་བསྒྲགས། རྣམ་གྲངས་ཅན་གྱི་སྐུལ་འདེད”བཅས་ཀྱི་ཁྱད་ཆོས་མངོན་ཞིང་། “བཅུ་སྤེལ”མ་ལག་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བ་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱོགས་བསྡུས་དྲིལ་བསྒྲགས་འཐབ་ས་སྐྲུན་པའི་བར་དང་། དེ་ནས་གཞི་རིམ་གྱི་འཐབ་ས་རེ་རེ་བཞིན་བསྐྲུན་པའི་བར་ལྷ་ས་གྲོང་ཁྱེར་གྱིས་གཞུང་འཁྱོངས་གསར་འབྱེད་ཀྱི་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་གྲོང་ཁྱེར་གྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་དང་མང་ཚོགས་ཁྲོད་ཁྱབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ས་མཐོའི་སྐལ་བཟང་མེ་ཏོག་དང་འདྲ་བར་མི་ཚང་མའི་སེམས་སུ་བཞད་པ་དང་བཀྲག་མདངས་འཚེར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།