ན་ཟུག་མེད་པའི་སྨན་བཅོས་ལག་རྩལ་གྱིས་དམངས་ལ་ཕན་བདེ་བསྐྲུན་པ།
——དཔལ་མགོན་རྫོང་གིས་ཟུག་མེད་སྨན་བཅོས་ལག་རྩལ་གཉིས་ཀྱི་སྟོང་ཆ་བསྐངས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་སྨན་ཁང་དུ་ན་ཟུག་མེད་པར་ཕྲུ་གུ་ཐེངས་དང་པོ་སྐྱེས་པ་དང་ན་ཟུག་མེད་པར་ཕོ་ཤེལ་ཐེངས་དང་པོ་བརྒྱབ་ནས་རྫོང་ཁོངས་ཀྱི་ན་ཟུག་མེད་པའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་བསྐངས་ཏེ་མང་ཚོགས་ཀྱི་བདེ་ཐང་ལ་ཕན་བདེ་བསྐྲུན་པ་རེད།
ཕྲུ་གུ་དམར་འབྱར་གྱི་ངུ་སྐད་གྲགས་པ་དང་བསྟུན་ནས་རྫོང་དེའི་ན་ཟུག་མེད་པར་ཕྲུ་གུ་སྐྱེ་མཁན་སྦྲུམ་མ་བདེ་འབྲུག་ལ་ཕྲུ་གུ་བུ་ཞིག་བདེ་བླག་ངང་སྐྱེས་པ་རེད། ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ནང་ཀྲེ་ཅང་ཐའེ་ཀྲོའུ་ཡི་བོད་སྐྱོར་སྦྲིད་སྨན་རིགས་གཅིག་མཁས་ཅན་ཀྲང་ལིང་ཀང་དང་བུད་མེད་དང་བུ་བཙའི་ཚན་ཁག་གི་རིགས་གཅིག་མཁས་ཅན་ཁྲེན་ཧྲན་ཧྲན་གྱིས་སྨན་ཁང་དེའི་ནད་སྐྱོང་པའི་སྣེ་ཁྲིད་དེ་གྲ་སྒྲིག་ཞིབ་ཚགས་དང་གཞོགས་འདེགས་དམ་ཟབ་ཀྱིས་སྒལ་ཚིགས་སྦུག་ལ་སྦྲིད་སྨན་གནད་འཁེལ་བརྒྱབ་པ་མ་ཟད། བུ་བཙའི་བརྒྱུད་རིམ་ལ་གཞིགས་ནས་དགོས་མཁོ་ལྟར་ན་ཟུག་གཅོག་སྨན་གྱི་མང་ཉུང་ལེགས་སྒྲིག་བྱས་ཏེ། སྦྲུམ་མར་ན་ཟུག་ཆེན་པོ་མྱོང་མི་དགོས་པར་བྱས་པ་རེད། ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ཧྲིལ་པོར་བདེ་འབྲུག་གྲུང་རིལ་རིལ་ཡིན་པ་མ་ཟད། རང་འདོད་ལྟར་འགུལ་སྐྱོད་བྱེད་ཐུབ་པ་དང་། ལྟོ་ཆས་རྒྱུན་གཏན་ལྟར་ཟ་ཐུབ་པ། ངལ་གསོ་རྒྱུན་གཏན་ལྟར་རྒྱག་ཐུབ་པ་བཅས་བག་ཕེབས་ལྷོད་གཡེང་གི་ཁོར་ཡུག་ཁྲོད་ནས་ཚེ་སྲོག་གསར་པ་བསུས་ཡོད།
གཞན་ཡང་ཉིན་དེར་ཡུལ་དེ་གའི་མང་ཚོགས་ལ་ལོ་མང་རིང་ཕོ་ཤེལ་རྒྱག་པར་འཕྲད་པའི་དཀའ་གནད་ཀྱང་སེལ་ཐུབ་པ་བྱུང་ཞིང་། དེ་སྔ་དཔལ་མགོན་རྫོང་མི་དམངས་སྨན་ཁང་ནས་ཕོ་ཤེལ་སྤྱིར་བཏང་ཞིག་ལས་རྒྱག་ཐབས་མེད་པས། ཕོ་ཤེལ་རྒྱག་སྐབས་སྐྱུག་མེར་ལངས་པ་དང་། སྐྱུགས་པ། ན་ཟུག་གཏོང་བ་བཅས་བྱས་རྐྱེན་ནད་པ་མི་ཉུང་བ་ཞིག་ཕོ་ཤེལ་གྱི་མིང་ཐོས་པ་ཙམ་གྱིས་ཕྱིར་བཤོལ་མི་རྒྱག་ཀ་མེད་ཐུག་གི་ཡོད། དེར་བརྟེན་མང་ཚོགས་ལ་འཇུ་ལམ་གྱི་ནད་ཡོད་རུང་དུས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་ཐུབ་ཀྱི་མེད། “སྔོན་མ་ཕོ་ཤེལ་རྒྱག་བྱེད་ཀྱི་སྦུ་གུ་ཧ་ཅང་སྦོམ་པོ་ཡོད་པས་ན་ཟུག་ཆེན་པོ་གཏོང་གི་ཡོད། བྱས་ཙང་འུ་ཐུག་ན་མ་གཏོགས་ཕོ་ཤེལ་རྒྱག་པར་འགྲོ་གི་མེད”ཅེས་ཟུག་མེད་ཕོ་ཤེལ་རྒྱག་མཁན་ནད་པ་དང་པོ་ཆོས་མཚོས་རང་ཉིད་ཀྱི་སྔོན་ཆད་ཀྱི་དཀའ་སྡུག་ལྷུག་པོར་གླེང་།
“ཟུག་མེད་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་གཉིས་བདེ་བླག་ངང་སྤྱོད་ཐུབ་པ་བྱུང་བ་དེ་ནི་ཉིན་གཅིག་རང་དང་མི་གཅིག་རང་ལ་བརྟེན་པ་ལས་བྱུང་བ་ཞིག་གཏན་ནས་མིན”ཞེས་ཀྲེ་ཅང་ཞིང་ཆེན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་སྣེ་འཁྲིད་མཁན་དང་དཔལ་མགོན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲུའུ་ཧྥུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། དེ་ནི་ཀྲེ་ཅང་བོད་སྐྱོར་བཀོད་འདོམས་པུའུ་དང་ཐའེ་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་ཁང་གི་བསམ་འཆར་གཞིར་བཟུང་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ཆེད་ལས་གྲུབ་ཆ་དུས་ཐོག་ཏུ་ལེགས་སུ་བཏང་བ་དང་ཁ་འབྲལ་ཐབས་མེད་པ་དང་། དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྒྲིག་ཆས་ཀྱི་རྨང་གཞིའི་འཛུགས་སྐྲུན་སོགས་ཐད་རྒྱུན་མཐུད་མ་དངུལ་བཏང་བ་དང་ཁ་འབྲལ་ཐབས་མེད་ལ། རྫོང་དེའི་སྨན་དོན་མི་སྣས་ལག་རྩལ་གསར་པ་སྦྱོང་རེ་ཆེན་པོ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་དང་དེ་བས་ཁ་འབྲལ་ཐབས་མེད་ཅེས་བཤད།
འདི་ལོའི་ཟླ་3པར་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསར་པ་ལས་གནས་སུ་འབྱོར་འཕྲལ། རྫོང་ཁོངས་སྨན་བཅོས་ཀྱི་ཞན་ཆར་དམིགས་ནས་ཁོག་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག སྦྲིད་སྨན་ཚན་ཁག་བཅས་ཀྱི་ཡུལ་དེ་གའི་རྐང་འཛིན་པ་དང་མཉམ་དུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ལག་རྩལ་དང་མཁྲེགས་ཆས་ཀྱི་དཀའ་གནད་གསེད་བཀྲོལ་གནད་འཁེལ་གྱིས་རེ་རེ་བཞིན་ཐག་གཅོད་བྱས་པ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ལག་རྩལ་ཐད་མཛུབ་ཁྲིད་དང་བརྒྱུད་རིམ་ཁག་གི་བཀོལ་སྤྱོད་ཀྱི་ཚད་གཞི་དང་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་བཟོས་པ་དང་། ཡུལ་དེ་གའི་སྨན་དོན་མི་སྣས་ཀྱང་རང་ཉིད་ས་མཐོའི་ནད་པའི་གཟུགས་གཞིར་རྒྱུས་མངའ་ཡོད་པ་དང་བོད་སྐད་དང་རྒྱ་སྐད་གཉིས་ཀར་བྱང་ཆུབ་པའི་ལེགས་ཆར་བརྟེན་ནས་གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་མཉམ་དུ་ལེགས་སྒྲུབ་བྱས་ཏེ། ཕྱོགས་གཉིས་པོས་གཞོགས་འདེགས་དམ་ཟབ་འོག་ལག་རྩལ་གཉིས་བདེ་བླག་ངང་སྤྱོད་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།