དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མུའུ་ཏན་ཅང་དང་ཁང་དམར་ཡུལ་ལུང་གཉིས་ཀྱི་སྨྱན་སྦྱོར་གྱིས་མཉམ་འགུལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    ཉེ་ཆར། མུའུ་ཏན་ཅང་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། མུའུ་ཏན་ཅང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལུང་བོད་སེམས་མཐུན། སྨྱན་སྦྱོར་མཉམ་སྐྱོད”ཅེས་པའི་ཡུལ་ལུང་གཉིས་ཀྱི་སྨྱན་སྦྱོར་མཉམ་འགུལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། མུའུ་ཏན་ཅང་གྲོང་ཁྱེར་དུ་ཁང་དམར་རྫོང་དང་དུས་མཉམ་དུ་བྱེད་སྒོ་འགོ་ཚུགས་པ་དེ་ཐོག་ནས་མུའུ་ཏན་ཅང་གྲོང་ཁྱེར་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཁང་དམར་རྫོང་དབར་གྱི་སྨྱན་སྦྱོར་མཉམ་ལས་དེ་རྒྱུན་རྣམ་ཅན་དང་ལམ་སྲོལ་ཅན་གྱི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་བོད་སྐྱོར་ལས་བྱེད་པའི་ཉམས་འགྱུར་དང་། ཐོན་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས། དཔལ་འབྱོར་ཕན་ཚུན་སྐུལ་འདེད། མཐའ་མཚམས་གྲོང་ཚོ་མཉམ་འདྲེས། རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་སོགས་ལྟེ་བའི་ནང་དོན་ལ་དམིགས་ཤིང་། མཉམ་འབྲེལ་ཐོག་གཏོང་སྤེལ་བྱས་ནས་འཐབ་ས་དང་ཐོན་རྫས་བཟོས་ཏེ་གཏམ་རྒྱུད་ཡག་པོ་ཤོད་པ་དང་དེ་བཞིན་ཤེས་ལྡན་པ་སྤེལ་རེས་དང་གསོ་སྦྱོང་སོགས་བྱས་པ་བརྒྱུད་འདྲ་བཟོ་དང་རྒྱ་སྐྱེད་ཐུབ་པའི་ས་ཁོངས་བརྒལ་བའི་མཉམ་འདྲེས་སྨྱན་སྦྱོར་གྱི་མཉམ་ལས་བྱེད་སྟངས་ཤིག་ཆགས་པ་དང་། ཁ་གཏད་རོགས་སྐྱོར་གྱི་དྲིལ་བསྒྲགས་ལས་དོན་ལ་ཕྱོགས་ཡོངས་ནས་མཐུན་རྐྱེན་སྦྱར་ཡོད། “ང་ཚོས་རྒྱུན་རྣམ་ཅན་གྱི་ནང་དོན་མཉམ་སྤྱོད་དང་མཉམ་འབྲེལ་དྲིལ་བསྒྲགས་བྱས་པ་བརྒྱུད། མུའུ་ཏན་ཅང་གི་གྲོང་མི་རྣམས་གངས་ལྗོངས་ས་མཐོར་ཡུལ་སྐོར་ཐུབ་པ་དང་ཁང་དམར་གྱི་མང་ཚོགས་ལ་བྱང་ཤར་གྱི་ཡུལ་ལྗོངས་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན”ཞེས་མུའུ་ཏན་ཅང་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཅུས་ཁྲེན་གྱིས་བཤད།

    ཁང་དམར་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་པ་དོན་གྱིས། ད་རེས་ཀྱི་བྱེད་སྒོ་ལས་ཁང་དམར་ལ་ཕྱི་ཕྱོགས་སུ་གཟུགས་བརྙན་མངོན་པ་དང་ལུང་ཅང་དང་སྦྲེལ་བའི་ལས་སྟེགས་གལ་ཆེན་ཞིག་བཏོད་ཡོད། ཁང་དམར་རྫོང་གིས་གོ་སྐབས་བཟང་པོ་འདིར་བརྟེན་ནས་མུའུ་ཏན་ཅང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། རང་ཡུལ་གྱི་མི་ཆོས་རིག་གནས་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ཁྱོན་ཡོངས་ནས་མངོན་པར་བྱས་ནས་ཡུལ་ལུང་གཉིས་ཀྱི་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། བརྩེ་སེམས་གཅིག་མཐུན། འཕེལ་རྒྱས་མཉམ་འཕེལ་བཅས་ལ་སྐུལ་འདེད་ཀྱིས་མཉམ་འདྲེས་སྨྱན་སྦྱོར་གྱི་ལེགས་ཆ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོར་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།