དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་ལག་རྩལ་ཆེ་མོ་བ་ཀྲང་ཧྭ་ཁྲེང་གིས།

    གློག་སྤྱོད་ཀྱི་ཆེད་ལས་ལག་རྩལ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ།

  •     སྤེལ་དུས།  2026-06-03

    འདི་ནི་ཀྲང་ཧྭ་ཁྲེང(གཡོན་གྱི་གཉིས་པ)གིས་ཡུལ་དངོས་སུ་གློག་དྲ་འཁོར་རྒྱུག་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    ཐའེ་ཀྲོའུ་ནས་ཉིང་ཁྲིར་འབྱོར་མ་ཐག་ཀྲང་ཧྭ་ཁྲེང་གིས་གཞི་རིམ་དུ་གཞི་ཚུགས་ཤིང་། ལོ་ཕྱེད་ལྷག་ཙམ་རིང་ཁོང་གིས་ས་གནས་ས་ཐོག་ཏུ་ཐེངས་20ལྷག་ཙམ་བསྐྱོད་དེ་རྫ་ཡུལ་དང་། སྤོ་བོ། མེ་ཏོག་སོགས་རྫོང་ཁོངས་སུ་ཚན་ཁག་དང་ཚོགས་ཆུང་གི་བརྟག་ཞིབ་བྱས་ནས་འཐབ་ས་དང་པོའི་ལས་བཟོའི་ལས་ཀའི་དངོས་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་དོ་དམ་གྱི་ཞན་ཆར་དབྱེ་ཞིབ་བྱས་པ་རེད།

    2024ལོའི་ཟླ་10པར། མེ་ཏོག་རྫོང་གི་ཆན་ཕུའུ་110ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་འཁོར་རྒྱུག་བྱེད་འགོ་ཚུགས་ཤིང་། འགོ་ཚུགས་པའི་ཉིན་དེར། ཁོང་གིས་ལས་རིམ་ཧྲིལ་པོར་བཀོད་གཏོང་ལས་སྟེགས་སུ་བརྟན་སྲུང་བྱས་ནས་གཟབ་ནན་དང་གོ་རིམ་ལྡན་པའི་ངང་བཀོལ་སྤྱོད་ཁག་ལ་བཀོད་འདོམས་བྱས་པ་དང་། ཆེད་ལས་ཀྱི་བྱང་ཚད་ཏན་ཏིག་དང་ནུས་ཆེའི་སྤྱི་འདོམས་ནུས་པར་བརྟེན་ནས་ལས་གྲྭའི་འཁོར་རྒྱུག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་པ་རེད།

    ཆེད་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པའི་མངོན་གསལ་དོད་པའི་གནད་དོན་གྱི་མདུན་དུ་ཀྲང་ཧྭ་ཁྲེང་གིས་རང་འགུལ་ངང་བྱས་རྗེས་བཞག་ནས་ལས་བགོས་དོ་དམ་སྡེ་ཚན་གྱི་ལས་དོན་མི་སྣའི་སྣེ་ཁྲིད་དེ་ལས་སྒོའི་བརྒྱུད་རིམ་གསེད་བཀྲོལ་དང་། དོ་དམ་གྱི་སྐྱོན་ཆ་གྲལ་བཤེར། དོན་དངོས་ཀྱི་ལས་ཀའི་རྣམ་པ་དང་ཟུང་འབྲེལ་བཅས་བྱས་ནས་སྒྲིག་སྲོལ་ལམ་ལུགས་མང་པོ་ཞིག་བཟོ་བར་སྣེ་ཁྲིད་བྱས་པས་ཉིང་ཁྲིའི་གློག་ཤུགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དོ་དམ་སྟོང་ཆ་ནུས་ལྡན་ངང་བསྐངས་པ་དང་། ལས་དོན་སྤེལ་བའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་བཏང་བ། ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་བཅས་མཐོ་རུ་བཏང་བ་རེད།

    གློག་དྲའི་སྒྲིག་ཆས་ཀྱི་ལྟ་ཞིབ་ཚད་ལེན་གནད་ལ་མ་འཁེལ་བ་དང་གྲངས་གཞིའི་རྨང་གཞི་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཀྲང་ཧྭ་ཁྲེང་གིས་འཐབ་ས་དང་པོར་བསྐྱོད་དེ་མངོན་མེད་རྐྱེན་ངན་ལེབ་བཤེར་བྱས་པ་དང་ཆེད་དོན་མཐོར་གཏོང་ཇུས་གཞི་བཟོས་པས་སྒྲིག་སྦྱོར་ལྗིད་ཚད་40%ཉུང་དུ་ཕྱིན་པ་དང་། མཐའ་སྣེའི་གནད་དོན་ཁག་34དག་ཐེར་བྱས་པ། མཐའ་སྣེའི་ཁྱབ་ཚད་30.79%བཅས་མཐོ་རུ་ཕྱིན་པ་རེད།

    གཞི་ཁྱོན་ཆེ་བའི་གློག་ཆད་པ་དང་གློག་བསྐྱར་གཏོང་གི་ལས་ཕྱོད་དམའ་བའི་གནད་དོན་ལ་དམིགས་ཏེ་ཀྲང་ཧྭ་ཁྲེང་གིས་རང་འགུལ་ངང་སྣེ་ཁྲིད་པ་དང་། ཚོགས་པའི་སྣེ་ཁྲིད་དེ་ཉམས་གསོའི་བརྒྱུད་རིམ་ཧྲིལ་པོ་བསྐྱར་དུ་གསེད་བཀྲོལ་བྱེད་པ། རྙོག་འཛིང་ཆེ་བའི་ལྷུ་ཚིགས་རེ་རེ་བཞིན་གྲལ་བཤེར་བྱེད་པ། གོ་རིམ་ལྷག་མ་ཟླ་སྒྲིལ་དང་སྟབས་བདེ་རུ་གཏོང་བ་བཅས་བྱས་པས་མཐར་ཉམས་གསོའི་ལས་ཕྱོད་60%ཙམ་མཐོ་རུ་ཕྱིན་ཡོད། མངོན་གསལ་དོད་པའི་གྲངས་གཞི་ལས་ཁོང་གིས་དམངས་འཚོར་སེམས་ཁྲལ་བྱེད་པ་མ་ཟད་དེ་བས་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་དྲོ་སྐྱིད་ཀྱང་མངོན་ཡོད།

    2025ལོའི་ཟླ་8ཚེས་22ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་གློག་འདོན་ལས་དོན་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། གློག་འདོན་འགན་ལེན་ལས་དོན་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱ་ཆེད། ཀྲང་ཧྭ་ཁྲེང་གིས་རང་འགུལ་ངང་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་རོགས་ཚོའི་སྣེ་ཁྲིད་དེ་གློག་འདོན་འགན་ལེན་ས་ཚིགས་ཁག་14ལ་རེ་རེ་བཞིན་གྲལ་བཤེར་དང་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཁུག་ཆ་མི་ལུས་པ་དང་ཆད་ལུས་མེད་པ་བྱས་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། 2025ལོའི“ཧི་མ་ལ་ཡ་སྐོར་བའི”ཁེ་ལས་མཁས་ཅན་གྱི་རྒྱལ་སྤྱིའི་ཚོགས་འདུ། 2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས། མཐོ་རྒྱུགས་སོགས་ཀྱི་གློག་འདོན་བྱེད་སྒོ་གལ་ཆེན་ཚང་མར་ཁོང་གིས་ཐོག་མཐའ་བར་གསུམ་དུ་གློག་འདོན་གྱི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱས་ཏེ་བྱེད་སྒོ་གལ་ཆེན་ཚང་མ་བདེ་བླག་ངང་སྤེལ་ཐུབ་པ་བྱས་ནས་གངས་ལྗོངས་གཡུ་གཞོང་གི་གློག་དྲ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་རམ་འདེགས་བྱས་ཡོད།

    ཀྲང་ཧྭ་ཁྲེང་གིས“ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབ་པ་དགའ”ཞེས་པ་ལྟར་ཉིང་ཁྲིའི་གློག་ཤུགས་ཀྱི་དཔུང་ཁག་སྟོབས་ཆེར་ཕྱིན་ཚེ་གཞི་ནས་རོགས་སྐྱོར་ངོ་མ་བྱས་པ་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་རང་འགུལ་ངང་འབྲེལ་ཟམ་བཙུགས་ཏེ་བོད་དང་། ཅང་སུའུ། ཉིང་ཁྲི། ཡན་ཁྲེང་བཅས་ཀྱི་ཏང་ཀྲི་པུའི་ཆ་སྒྲིག་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྩལ་ནུས་ལག་རྩལ་མཐོར་གཏོང་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། ཆེད་ལས་དོ་དམ་ལེགས་གཏོང་། ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་སོགས་ཀྱི་གཙོ་གནད་ཁ་ཕྱོགས་ལ་དམིགས་པ། སྣེ་ཁྲིད་དེ་བཀོད་གཏོང་པའི་གསོ་སྦྱོང་འདྲ་བཟོའི་མ་ལག་འཛུགས་པ་བཅས་བྱས་ནས་ཉིང་ཁྲིའི་གློག་ཤུགས་བཀོད་གཏོང་མི་སྣ་བོད་ནས་ཐོན་མི་དགོས་པར་བརྒྱུད་རིམ་ལྡན་པ་དང་དངོས་འཐབ་ཅན་གྱི་ནང་སྦྱོང་ཐུབ་སྟེ་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད།

    གསོ་སྦྱོང་མ་བྱས་གོང་། ཁོང་གིས་ས་མཐོའི་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲ་བ་སྒྲིག་སྦྱོར་རང་འགུལ་ཅན་དང་སྒྲིག་ཆས་འཁོར་རྒྱུག་ཉམས་བཟོ་སོགས་ལས་དོན་ཁྲོད་ཀྱི་དཀའ་གནད་སྔ་སྣུར་དུ་གསེད་བཀྲོལ་བྱས་པ་དང་། ཉིང་ཁྲིའི་གློག་ཤུགས་ལས་རོགས་ཀྱི་གསོ་སྦྱོང་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ནས་ཅང་སུའུ་ཡི་གློག་གཏོང་ཁོངས་གཏོགས་ཀྱི་སྔོན་ཐོན་ཉམས་མྱོང་དང་རྩལ་ནུས་བུམ་པ་གང་བྱོའི་ཚུལ་གྱིས་ཚང་མར་བརྒྱུད་ཁྲིད་བྱས་པ་རེད།

    ད་ཆ་གངས་ལྗོངས་སུ་གཞི་ཚུགས་པ་དང་ལག་རྩལ་བྱང་ཆུབ་པའི་ཆེད་ལས་དཔུང་ཁག་ཅིག་སྐྱོན་བྲལ་ངང་འཚར་ལོངས་བྱུང་ནས་གངས་ལྗོངས་གཡུ་གཞོང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ཀྲང་ཧྭ་ཁྲེང་གིས་བརྩེ་སེམས་ཟབ་མོས་ཉིང་ཁྲི་གྲོང་ཁྱེར་གྱི་རི་ཀླུང་དང་གྲོག་རོང་གང་སར་བསྐྱོད་དེ་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་འགན་ལེན་བྱས་པ་མ་ཟད། ཉིང་ཁྲིའི་གློག་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།