བགྲང་བྱ་དོན་ལྔའི་རིང་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་པ།
ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད། ལོ་ངོ་75ཡི་འཕོ་འགྱུར་ཆེན་པོ་ལས་གངས་ལྗོངས་ས་མཐོ་འདི་ཉིད་བཀག་སྡོམ་དབུལ་ཕོངས་དང་མུན་ནག་རྗེས་ལུས་ཀྱི་རྣམ་པ་ལས་རྦད་དེ་ཐར་ནས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།
ལོ་75ཡི་རིང་། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། མི་ཕྱུགས་ཀྱི་སྒལ་པར་ཁུར་བ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་བར་དང་། བཀག་སྡོམ་འབྲེལ་ཆད་ནས་སྒོ་དབྱེ་མཉམ་འདྲེས་བར་གྱི་ལོ་ངོ་75རིང་གི་འགྲིམ་འགྲུལ་བྱ་གཞག་གི་འཕོ་འགྱུར་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། མཚོ་བོད་དང་ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་མཚོ་བོད་ལྕགས་ལམ་བསྐྲུན་ཏེ་འཁོར་སྐྱོད་བྱས་པ་ནས“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་སྐྱོད་པའི་བར་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་རགས་ཙམ་བསྐྲུན་ཡོད། འཕྲེད་གཞུང་སྣོན་འདྲེས་ཀྱི“མཁའ་ལམ”ནི་ལོ་རྒྱུས་ཀྱི་དཔང་པོ་དང་དུས་རབས་ཀྱི་བྱས་རྗེས་གཟེངས་རྟགས་རེད་ལ། མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དེ་བས་ཀྱང་རེད།
ལོ་75ཡི་རིང་། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག མང་ཚོགས་རྣམས་ཐོག་དཔངས་དམའ་བའི་སོ་ཕག་གི་ཁང་པ་དང་ཆར་ཐིགས་རྒྱག་པའི་གུར་ནས་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ལེ་ལག་ཚང་བའི་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་བ་མ་ཟད། ཆུ་གཙང་མ་འཐུང་རྒྱུ་དང་གློག་བརྟན་པོ་སྤྱོད་རྒྱུའང་བྱུང་ནས་སྡོད་གནས་ཀྱི་ཆ་རྐྱེན་གསར་རྐྱང་དུ་གྱུར་ཡོད། སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཞིང་འབྲོག་པའི་གཟུགས་པོ་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་སྲུང་ཐུབ་ཡོད།
ལོ་75ཡི་རིང་། བོད་ཀྱིས་སྐྱེ་ཁམས་མཐའ་ཚད་བརྟན་པོར་བསྲུངས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའ་དང་། འདམ་ར་སྲུང་སྐྱོང་། ལྷོ་རི་བྱང་རིའི་སྔོ་འགྱུར་སོགས་ཀྱི་ལས་གྲྭ་གལ་ཆེན་ལག་ལེན་ཤུགས་ཆེན་བསྟར་ནས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ད་ཆ་བོད་དུ་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་གནས་ནས་རྩྭ་ཐང་དང་ནགས་ཚལ་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་བརྟན་དུ་ཕྱིན་ཏེ། རི་སྔོན་ཆུ་དྭངས་དེ་བོད་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་དུ་གྱུར་ཡོད།
ལོ་75ཡི་རིང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་པ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོད་ཅིང་། མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང་དང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཁྲོད་བློ་ཁ་གཅིག་མཐུན་ཡོང་བར་བྱས་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་མ་ཟད། མཐའ་མཚམས་ཐུན་མོང་ཐོག་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
ལོ་ངོ་75ཡི་རིང་། བོད་ཀྱིས་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་དང་གྲུབ་འབྲས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་དང་མི་དམངས་བདེ་སྐྱིད་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། འགོ་འཛུགས་ས་གསར་པར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ནས་རྒྱུན་མཐུད་འབད་འཐབ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ་དུས་རབས་གསར་པར་གངས་ལྗོངས་ས་མཐོར་བཀྲག་མདངས་དེ་བས་འཚེར་བ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།