རང་ལྗོངས་ཀྱི་ས་གནས་ཁག་གི་ལོ་ཆུང་བྱིས་པ་ཚོས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དགའ་གཏོང་བྱས་པ།

འདི་ནི་ལྷ་ས་གྲོང་ཁྱེར་དགེ་འོས་ཞོར་གཏོགས་སློབ་ཆུང་གི་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་དམ་བཅའ་འཇོག་བཞིན་པ།

འདི་ནི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གྱི་བྱེད་སྒོ་སྤེལ་རིང་། ཕྲུ་གུ་ཚོས་སྤོས་བཟོ་སྟངས་ཉམས་ལེན་བྱེད་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྐབས། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་གཉེར་ནས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་བྱེད་སྒོའི་ཁྲོད་ནས་དྲོ་སྐྱིད་ཚོར་བ་དང་སྤྲོ་སྣང་ཁྲོད་འཚར་ལོངས་ཡོང་བར་བྱས་ཡོད།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཀྲི་པུའི་ལས་དོན་པ་ཐང་སྐྱ་ཤང་ལྟེ་བའི་སློབ་ཆུང་དུ་ཡོང་ནས“ལས་ལ་བརྩོན་པའི་མལ་གྲོ མཉམ་འདྲེས་སྨྱན་སྦྱོར་གྱི་གདོང་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། སློབ་ཐོན་འཛིན་གྲྭའི་སློབ་མར་རིན་མེད་ངང་སློབ་ཐོན་དྲན་བརྟེན་མཉམ་པར་རྒྱག་པ་དང་། སེམས་རྩ་འཁོལ་པོས་དམངས་ཕན་ཞབས་འདེགས་ཞུ་བ། གྲོང་གསེབ་ཀྱི་ཕྲུ་གུ་ཚོར་ལྷད་མེད་དྭངས་གཙང་གི་བྱིས་དུས་ཀྱི་སྤྲོ་སྣང་སྦྱིན་པ་བཅས་བྱས་ཡོད།
དྲོ་སྐྱིད་ལྡན་པའི་ས་མཐོའི་སྤྱི་ཕན་གྱི་ཞལ་འདེབས་བྱེད་སྒོ་ཞིག་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་སྤེལ་རིང་། ཡུང་ཧུའེ་སྒོ་རྩིས་ཚོང་ཁང་གིས་སློབ་གྲྭར་གཙང་སྦྲའི་ཤོག་བུ་སོགས་འཚོ་བའི་མཁོ་ཆས་ཞལ་འདེབས་བརྒྱབ་ནས་ཕྲུ་གུ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་ཏེ་གཅེས་སེམས་མཚོན་པར་བྱས་ཡོད། སློབ་གྲྭ་དེ་ས་བབ་མཐོ་བའི་ས་ཁུལ་དུ་གནས་པའི་ཁར། སློབ་མའི་རྒྱུན་མཁོའི་མཁོ་ཆས་ཕུན་སུམ་ཚོགས་པོ་དེ་ཙམ་མེད་པར་བརྟེན། ཡུང་ཧུའེ་སྒོ་རྩིས་ཚོང་ཁང་གིས་དངོས་ཟོག་བཀོད་སྒྲིག་བྱས་ཏེ་འཚོ་བའི་མཁོ་ཆས་ཁག་གཅིག་སློབ་གྲྭར་བསྐྱལ་བ་མ་ཟད། སྔ་རྗེས་སུ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་ལོ་ལོན་པའི་སློབ་མར་སྤྲད་ནས་སློབ་མ་ཚོའི་རྒྱུན་གཏན་གྱི་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་རེད།
ཟླ་6ཚེས་1ཉིན། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དམངས་སྲིད་ཅུས(དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས)ཀྱི་ལས་དོན་པ་རྒྱ་ཚ་གྲོང་རྡལ་སློབ་ཆུང་དུ་ཡོང་ནས། “བྱིས་པར་བརྩེ་བ་བཅངས་ནས‘དྲུག་གཅིག’བསུ། ལག་པ་འགུལ་ནས་བསམ་འདུན་འགྲུབ་པར་གཞོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཅེས་སེམས་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་རི་མོ་སྤུས་ལེགས་འཁོད་པའི་ཤོག་བུའི་རླུང་གཡབ་སྤྲད་པ་མ་ཟད། ཕྲུ་གུ་ཚོར་ཀམ་པ་ལི་སོགས་གཅེས་སེམས་དངོས་ཟོག་སྤྲད་དེ་ཕྲུ་གུ་ཚོ་དང་བྱམས་བརྩེའི་སྤེལ་རེས་བྱས་ནས་ཁོང་ཚོར་རྩ་ཆེའི་དུས་སྐབས་ལ་གཅེས་སྤྲས་དང་། ཕུགས་འདུན་ཆེན་པོ་འཆང་བ། དཀའ་སྤྱད་སྙིང་རུས་ཀྱིས་ཤེས་བྱ་སྦྱོང་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་ཡག་པོ་ཞིག་ལ་འཚར་ལོངས་ཧུར་ཐག་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།
ཟླ་6ཚེས་1ཉིན། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི“བྱིས་གླུ་བླངས་ནས་ཀྲུང་གོར་བསྟོད་གླུ་འབུལ”ཞེས་པའི་ལོ་ཆུང་བྱིས་པའི་གླུ་གཞས་གཅིག་སྡུད་འཁྲབ་སྟོན་བྱེད་སྒོ་མངའ་རིས་ས་ཁུལ་གློག་བརྙན་ཟློས་གར་ཁང་དུ་སྤེལ་ཞིང་། ས་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ནས་ཡོང་བའི་འགྲན་ཞུགས་རུ་ཁག་9ཡིས་གླུ་གཞས་བཏང་སྟེ། མངའ་རིས་ཀྱི་ལོ་ཆུང་བྱིས་པའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ནས་དོན་སྙིང་ལྡན་པའི་བྱིས་པའི་དུས་ཆེན་ཕུན་སུམ་ཚོགས་པོ་ཞིག་བཏང་བ་རེད།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་གསར་རྐྱང་དང་བྱིས་པར་སྤྲོ་སྣང་ལྷག་པར་སྦྱིན་པའི་རྟེན་འབྲེལ་བྱེད་སྒོ་ཞིག་སྤེལ་ཏེ། སྐེ་དར་གཡོག་པའི་མཛད་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་བྱེད་པའི་བར་གྱི་བྱེད་སྒོ་སྤེལ་རིང་ཕྲུ་གུ་ཚོར་དུས་ཆེན་གྱི་བག་ཆགས་ཟབ་མོ་བཞག་ཡོད།
འབྲེལ་ཡོད་གསར་འགྱུར།