དངོས་སྒྲུབ་བྱས་ནས་མཐའ་མཚམས་དར་རྒྱས་བཏང་། བློ་སེམས་གཅིག་སྒྲིལ་མང་ཚོགས་ཕྱུག་པོར་འགྱུར།
——རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་དགུ་པ།
དེ་སྔ་ཐག་རིང་ལུང་ཁུག་དང་འཕེལ་རྒྱས་འགོར་བ་ནས་ད་ཆ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་ལྟར་རྒྱས་པ། མང་ཚོགས་ལས་བརྩོན་བདེ་འཁོད་བྱུང་བ་བཅས་བར་གྱི་བདེ་སྐྱིད་ལྡན་པའི་ལྷུན་རྩེ་རྫོང་གི་འཕོ་འགྱུར་ཆེན་པོ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་བ་ལས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཀྱི་དུས་རབས་གསར་པའི་མཐའ་མཚམས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་གྱིས་བཏོད་ཡོད།
བདེ་སྐྱིད་ལམ་བུ་ཤར་གཏོང་བྱས། མཐའ་མཚམས་རྣམ་པ་གསར་པར་གྱུར།
དབྱར་འགོའི་རྩ་རིར་མཚོ་དཀར་རིའི་གྲིབ་གཟུགས་མངོན་ཏེ་ཡུལ་ལྗོངས་ལྷག་པར་མཛེས་པས་འདི་གར་ཡོང་མཁན་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། ཡུལ་མི་སྒྲོལ་དཀར་གྱིས་དེ་གར་ཡོང་མཁན་ཡུལ་སྐོར་བར། གུང་གསེང་སྐབས་ཡུལ་སྐོར་བ་མང་བས་མཛེས་ལྗོངས་ལ་ཡག་པོ་ལྟ་མ་ཐུབ་སྟབས“རྗེས་སུ་ཡོང་སྐབས་སྔ་སྣུར་ནས་སྐད་འཕྲིན་ཐོག་ཡིན་གཅིག་འབྲེལ་བ་བྱེད་རོགས”ཞེས་བཤད།
ལོ་འགའི་སྔོན་ལ་འཁྲུག་ཆ་དོད་པའི་རྣམ་པ་དེ་འདྲ་སྒྲོལ་དཀར་གྱི་བསམ་བློར་ཡང་འཁོར་མྱོང་མེད། མིག་སྔར་ལྷུན་རྩེ་རྫོང་གིས“རྩ་རིའི་མཐའ་མཚམས་ཀྱི་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་མཛེས་ཤོས”ཞེས་པ་བཏོད་ནས་འགྲོ་ལམ་དང་མདོང་ལམ་རིམ་སྤོར་བྱེད་པ་དང་དཀར་གསལ་འདུ་འགོད་ལག་ལེན་བསྟར་ནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔར་བས་གང་ལེགས་སྤྱད་ཡོད།
འགྲོ་ལམ་འགྲིམ་འགྲུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ལྷུན་རྩེ་རྫོང་གི་རྨང་གཞིའི་འཛུགས་སྐྲུན་གྱིས་མཐའ་མཚམས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བའི་དཔང་རྟགས་ཡག་ཤོས་ཤིག་རེད། ལོ་དེ་དག་རིང་གི་འཕོ་འགྱུར་སྐོར་གླེང་སྐབས་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། 2018ལོར་ཁོང་ལྷ་ས་ནས་ཤང་དུ་ཐེངས་དང་པོ་ཡོང་སྐབས་ལམ་བར་ལ་ཆུ་ཚོད་9ལྷག་ཙམ་འགོར་ཡོད། ད་ཆ་རྒྱལ་ལམ་219ཤར་གཏོང་ཐུབ་པས་ལམ་ཐག་ཆུ་ཚོད་4ལྷག་ཙམ་ཐུང་དུ་ཕྱིན་ནས་རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར་ཏེ། མཐའ་མཚམས་སུ་ས་ཁམས་ཀྱི་བཀག་རྒྱ་རྦད་དེ་མེད་པར་བཟོས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷུན་རྩེའི་གནམ་ཐང་ཤར་གཏོང་ཐུབ་པ་དང་འབྲེལ། ལྷུན་རྩེ་ནས་ཁྲེང་ཏུའུ་བར་གྱི་མཁའ་ལམ་མང་དུ་ཕྱིན་པ་དང་། རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་1000ལས་བརྒལ་བ། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། “བདེ་སྐྱིད་ཀྱི་འཚོ་བ་དེ་ལས་ང་ཚོའི་མེས་རྒྱལ་གྱི་ས་ཆ་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་པའི་ཡིད་ཆེས་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཀྲ་ཤིས་རྒྱལ་མཚན་གྱིས་མྱོང་ཚོར་ཟབ་མོས་བཤད།
ཐོན་སྐྱེད་ལས་ལ་ཧུར་ཐག་གཞོལ། མཐའ་དར་དམངས་ཕྱུག་ཡོང་བར་འབད།
ས་གནས་དེ་གའི་རྫོང་ཁོངས་ཀྱི་ཁྱད་ལྡན་ཀ་རྟེན་ཐོན་ལས་ཡིན་པའི་ལྷུང་རྩེ་རྫོང་གི་ནས་ནག་འདེབས་ཁྱོན་ལོ་རེ་བཞིན་མུའུ་ཁྲི་3.1བར་ཆེ་རུ་ཕྱིན་ཞིང་། 2025ལོར་ནས་ནག་ཐོན་འབབ་ཏུན་ཁྲི་1ཡན་ཟིན་ཡོད། ལྷུན་རྩེ་གྲོང་རྡལ་གྱི་ཡུལ་མི་པད་མ་རྡོ་རྗེས་ལོ་ལྟར་ནས་ནག་མུའུ་20བཏབ་པ་ནས་རང་ཉིད་ཀྱིས་ཁག་གཅིག་ཉར་བ་ཕུད་དེ་བྱིངས་ཚང་མ་ཁྲོམ་རར་འཚོང་གི་ཡོད། “སྲིད་གཞུང་གི་རོགས་སྐྱོར་དང་ཁྱབ་གདལ་བཏང་བ་བརྒྱུད། རྒྱུན་གཏན་བཟའ་འབྲུ་ཙམ་ཡིན་པའི་ནས་ནག་ད་ཆ་ལྗོངས་ཕྱི་ནང་གང་སར་འཚོང་གི་ཡོད་པས་ཡུལ་མི་ཚོའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་འདུག”ཅེས་པད་མ་རྡོ་རྗེས་དགའ་ཚོར་ཆེན་པོས་བཤད། 2025ལོར་ལྷུན་རྩེ་རྫོང་གི་སྤྱི་པའི་དངོས་སྦྱོང་རྟེན་གཞི་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི་1.28ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་2ལྷག་ཙམ་བྱུང་ཡོད།
མཐའ་དར་དམངས་ཕྱུག་ལམ་བུ་ཡངས། ཡུལ་སྐོར་འཕར་གཞི་གསར་པར་གྱུར།
གཡུ་ལྷོ་རིག་གནས་ཡུལ་སྐོར་དུས་ཆེན་ལ་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་པ་དང་ཡུལ་སྐོར་གཙང་གླས་གནམ་གྲུ་དང་རི་མཐོར་རྐང་ཐང་མར་འཛེགས་པ་སོགས་ལས་རྣམ་གསར་པ་རིམ་གྱིས་དར་ཞིང་། ཡུལ་སྨད་རྒྱལ་གཅེས་མཐའ་སྲུང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་5Aརིམ་པའི་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་པས་ད་ཆ་ཡུལ་སྐོར་བས་ཡིད་སྨོན་བྱེད་པའི་གཱ་ཐོ་འགོད་ཡུལ་དུ་གྱུར་ཡོད། ཡུལ་སྐོར་གྱི་སྐུལ་ཁྲིད་འོག་མཐའ་མཚམས་ཀྱི་མང་ཚོགས་བཅུ་ཆ་དགུ་ཡན་དམངས་སྲོལ་གནས་ཚང་དང་། བཟའ་བཏུང་། ཡུལ་སྐོར་སྣེ་ཤན་པ་སོགས་ཀྱི་ལས་རིགས་ནང་ཞུགས་ནས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་མཛེས་པ་དེ་རིན་ཐང་མཐོ་བའི་ཡོང་འབབ་ཏུ་གྱུར་ཡོད།
སྤུས་ལེགས་ཐོན་ཁུངས་ལུང་ཁུག་ཏུ་ལུས་ཏེ་བེད་མེད་ནས་ཁྱད་ལྡན་ཐོན་ལས་གཅིག་སྡུད་དང་མང་ཚོགས་ལ་འབབ་འཕར་བརྟན་པོ་བྱུང་བའི་བར་ལྷུན་རྩེ་རྫོང་གིས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་བཏོད་ནས“མཐའ་སྲུང་བྱེད་མཁན་ཡོད་པ་དང་མཐའ་མཚམས་དར་རྒྱས་གཏོང་མཁན་ཡོད་པ”དེ་མཐའ་མཚམས་འཕེལ་རྒྱས་ཀྱི་རྒྱུན་རྣམ་དུ་གྱུར་ཡོད།
བློ་སྒྲིལ་སེམས་སྐྱེད་བྱས་ནས་མཉམ་ཤུགས་སྒྲིལ། ཐོག་མའི་བསམ་འདུན་བཅངས་ཏེ་མཐའ་མཚམས་བསྲུངས།
ཞིང་ནང་དང་མུ་ཁ་ནས་ཞིང་ཁྱིམ་གྱི་སྒོ་རའི་བར“རྒྱལ་ཁབ་ཀྱི་སྤྱི་སྐད་སྦྱོང་སྤྱོད་བྱེད་པའི”ཚ་རླབས་འཕྱུར་བ་དེ་ནི་གཞི་རིམ་ལས་བྱེད་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད་ལ། དམངས་ཕྱུག་སེམས་པ་གཅིག་སྒྲིལ་དང་མཐའ་བརྟན་དམངས་སེམས་གཅིག་ཏུ་བསྒྲིལ་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་རེད། ལྷུན་རྩེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། རང་རེའི་ཀྲུང་ཧྭ་ལ་དགའ་བའི“སོན་འདེབས”བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་སོགས“བྱ་སྤྱོད་ཁག་དྲུག”གཏིང་ཟབ་དང་ཏན་ཏིག་སྤེལ་བར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་རག་སྟེ། མི་རིགས་ཁག་གི་མང་ཚོགས་བློ་ཁ་གཅིག་མཐུན་དང་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བསམ་བློའི་ཐུན་མོང་ངོས་འཛིན་མི་སེམས་ལ་གཏིང་ཟབ་ཟུག་པ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་ཀྱང་བྱུང་ཡོད།
“ཏང་སྲོལ་སྲིད་སྲོལ་སྔར་བས་དྲང་གཞག་དང་ལས་བྱེད་པའི་སྤྱོད་ཚུལ་སྔར་བས་ཏན་ཏིག་ཏུ་གྱུར་ནས། མཐའ་དར་དམངས་ཕྱུག་དེ་འབོད་ཚིག་ཙམ་གཏན་ནས་མིན་པར་མང་ཚོགས་ཚོས་དངོས་སུ་ཚོར་ཐུབ་པ་བྱེད་དགོས”ཞེས་པའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པའི་ལྷོ་པ་གྲོང་གསར་གྱི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གི་བསམ་ཚུལ་དེ་མངོན་གསལ་དོད་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ནས་ར་འཕྲོད་གང་ལེགས་ཐུབ་པ་སྟེ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས། དེ་སྔའི“མི་གསུམ་ཤང”ཡིན་པའི་ཡུལ་སྨད་ཤང་དུ་2025ལོར་ཡུལ་མི་256བར་མང་དུ་ཕྱིན་པ་དང་། མང་ཚོགས་དེ་བས་མང་པོས“མཐའ་སྟོབས”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་སེམས་ལ་གཏིང་ཟབ་བཅངས་ཏེ་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་གཞི་ཚུགས་ནས་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།
སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱས་ནས། ལྷུན་རྩེ་རྫོང་གིས་མང་ཚོགས་ཚོའི་ཐོབ་ཚོར་དངོས་ལ་བརྟེན་ཏེ་དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་གསལ་འགྲེལ་བྱེད་པ་དང་། མཐའ་དར་དམངས་ཕྱུག་གི་མེ་ཏོག་མཐའ་མཚམས་ཀྱི་ས་གཞི་ཆེན་པོར་རབ་ཏུ་བཞད་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།