“ར་བང་གི་མག་པ”ཨའེ་མར·སའེ་ཏི་ལི།
འཛམ་གླིང་ཡང་རྩེར་དྲོ་སྐྱིད་ཚོར། རྩ་བ་ཚུགས་ནས་གཞན་ཕན་སྒྲུབ།
“2006ལོར་ང་རང་ར་བང་ཤང་དུ་ཡོང་བ་ཡིན། སྐབས་དེར་ང་ལོ་16ལ་སླེབས་ཙམ་ཡིན། མིག་ཡུད་ཙམ་ཞིག་ལ་ལོ་20ཙམ་ཕྱིན་འདུག”ཅེས་ཨའེ་མར·སའེ་ཏི་ལིས་རང་ཉིད་ཀྱི་ཚོང་ཁང་ནས་བོད་སྐད་ཆུ་རྒྱུག་རྒྱུག་གིས་དེ་ལྟར་བཤད་པ་དང་མིག་ཟུང་ལས་ཞི་ཞིང་འཇམ་པ་དང་ཚོར་སྣང་ཟབ་པའི་མདངས་ཤིག་མངོན་ཡོང་།
2006ལོར་ལོ་ན་ཕྲ་བའི་ཨའེ་མར·སའེ་ཏི་ལི་ཤིན་ཅང་ཁ་ཧྲི་ནས་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་དུ་ཡོང་བ་དང་། དེ་ནས་བཟུང་ཁོང་གིས་མི་ཚེ་གསར་པ་ཞིག་སྐྱེལ་འགོ་ཚུགས།
ཐོག་མའི་དུས་སུ་ཡུལ་སྲོལ་གོམས་གཤིས་རྦད་དེ་མི་འདྲ་བ་དང་བོད་སྐད་ཡེ་ནས་མི་ཤེས་པའི་དབང་གིས་གཞོན་ནུ་དེར་དཀའ་ངལ་ཆེ་ཙམ་འཕྲད་ཡོད། འོན་ཀྱང་ས་མཐོ་ནི་བརྩེ་བ་དང་བྲལ་བའི་གནས་ཤིག་ག་ལ་ཡིན། བབ་ཆགས་ཤིང་སེམས་རྩ་འཁོལ་བའི་ར་བང་ཤང་གི་ཡུལ་མི་ཚོས་ཟོལ་མེད་བབ་ཆགས་ཀྱི་བརྩེ་བར་བརྟེན་ནས་ཐག་རིང་ནས་ཡོང་བའི་གཞོན་ནུ་དེར་བསུ་མ་བྱས།
ཡུལ་དེའི་འཚོ་བའི་ནང་རྦད་དེ་འདྲིས་ཐུབ་ཆེད། ཨའེ་མར·སའེ་ཏི་ལིས་སྙིང་རུས་ཆེན་པོས་ཉིན་ལྟར་བོད་ཡིག་སྦྱོང་བའི་འགོ་བརྩམས་ཤིང་། ལུས་སྦྱར་གྱི་ཟིན་བྲིས་དེབ་དེ་ཁོང་གིས་གང་འགྲོའི་སར་ཁྱེར་ནས་བོད་ཡིག་གི་ཐ་སྙད་མ་ཤེས་པ་འཕྲད་དུས་ཁེངས་སྐྱུང་ཆེན་པོས་ཡུལ་མི་རྣམས་ལ་སྐད་ཆ་དྲིས་ནས་དེར་འབྲི་བཞིན་ཡོད། དེ་ཡང་ཁོང་གིས་གཅིག་ནས་རྒྱ་ཡིག་གིས་བོད་ཡིག་གི་སྒྲ་གདངས་འབྲི་བ་དང་། གཉིས་ནས་ཡི་གེ་རེ་རེ་བཞིན་ལེགས་པར་བཤུས་ནས་ཁོམ་དུས་ཡང་ཡང་སྦྱོང་གི་ཡོད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ལོ་མང་པོའི་རིང་རྒྱུན་བསྐྱངས་པའི་བརྩོན་འགྲུས་ཀྱིས་ཁོང་སྐད་རིགས་མི་འདྲ་བའི་བཀག་རྒྱ་ལས་ཡོངས་སུ་གྲོལ་ནས། སྔོན་ཆད་སྐད་བརྡ་མི་འཕྲོད་པའི་ཡུལ་གཞན་གྱི་ན་གཞོན་དེས་ད་ལྟ་བོད་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་ཀྱི་ཡོད་པ་མ་ཟད། བྱང་གོམས་ཀྱང་ས་གནས་དེ་གའི་མང་ཚོགས་ལས་ཞན་པ་མེད།
ཡུན་རིང་གཤིབ་པ་དང་བསྟུན་ནས་ཕན་ཚུན་གྱི་བརྩེ་བའང་ཟབ་ཏུ་ཕྱིན། ཡུལ་མི་ཚོས་ཨའེ་མར·སའེ་ཏི་ལི་ལ“ཝུའུ་མེར་ཅང”དང“ར་བང་གི་མག་པ”སོགས་ཀྱི་མིང་སྙན་པོ་བཏགས་ཡོད། ཁོང་གི་ངོས་ནས་བརྗོད་ན་སྙིང་ཉེ་བའི་མིང་དེ་དག་ནི་སྟབས་བདེའི་འབོད་མིང་ཙམ་མ་ཡིན་པར་དེ་ནི་ཡུལ་མི་སྤུན་ཟླ་ཚོས་ལྷག་བསམ་ཟོལ་མེད་ཀྱིས་དང་ལེན་དང་ཁ་ཞེ་གཉིས་མེད་ཀྱིས་ཁས་ལེན་བྱས་པ་ཞིག་ཡིན་པས། གོ་ཐོས་བྱུང་རིམ་བཞིན་སེམས་ནང་དྲོ་སྐྱིད་དང་ཡུན་ཞེན་གྱིས་ཁེངས་ཀྱི་ཡོད།
འདས་ཟིན་པའི་ལོ་ཟླར་ཕྱིར་མིག་བལྟས་ཚེ་ཨའེ་མར·སའེ་ཏི་ལིའི་འབད་འཐབ་ཀྱི་ལམ་བུ་ནི་སྤྱིར་བཏང་དང་དྲོ་སྐྱིད་ལྡན་པ་ཞིག་རེད། 2006ལོར་ར་བང་དུ་སླེབས་རྗེས་ཁོང་གིས་གུར་ནང་ཚོང་ཙག་ཙིག་བརྒྱབ་ནས་འཚོ་བ་སྐྱེལ་ཐབས་བྱས་པ་དང་། རིམ་བཞིན་འཚོ་བ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཁོང་གིས་གྲོང་གསེབ་ཀྱི་དམངས་ཕན་ཚོང་ཁང་ཞིག་བཙུགས་ཏེ་གྲོང་པ་ཁྱིམ་མཚེས་ཀྱི་འཚོ་བར་སྟབས་བདེ་སྐྲུན་རྩིས་བྱས་མོད། འོན་ཀྱང་མ་དངུལ་ཁ་ཐང་བའི་རྐྱེན་གྱིས་དཀའ་ངལ་འཕྲད།
དཀའ་ངལ་འཕྲད་པའི་དུས་དེར་སེམས་རྩ་འཁོལ་བའི་ཡུལ་མི་སྤུན་ཟླས་ཁོང་གི་མདུན་སྐྱོད་ལམ་བུར་སླར་ཡང་འོད་སྣང་སྦྱིན། ས་གནས་དེ་གའི་ཡུལ་མི་རྒྱལ་མཚན་དོན་ཡོད་ཀྱིས་རང་འགུལ་ངང་རོགས་སྐྱོར་བྱས་ཏེ་སྐྱེད་ཀ་མེད་པའི་དངུལ་གཡར་ནས་མ་དངུལ་གྱི་དཀའ་གནད་སེལ་རོགས་བྱས། དེ་ལྟར་གྲོང་གསེབ་ཀྱི་ཚོང་ཁང་ཆུང་ཆུང་ཞིག་བདེ་བླག་ངང་བཙུགས་ནས་ཚོང་གཉེར་བྱེད་འགོ་ཚུགས་པ་དེ་ཨའེ་མར·སའེ་ཏི་ལི་ས་མཐོར་གཞི་ཚུགས་པ་དང་ཕུགས་འདུན་དོན་གཉེར་བྱེད་པའི་འགོ་འཛུགས་སར་གྱུར་ཡོད།
ར་བང་དུ་གཞི་ཚུགས་ནས་ལོ་20སོང་རིང་། ཨའེ་མར·སའེ་ཏི་ལི་ནི་འདི་གའི་འཚོ་བར་གོམས་ནས་མི་རིགས་ཁག་གི་ཡུལ་མི་སྤུན་ཟླ་ཚོ་རང་གི་བརྩེ་བའི་གཉེན་ཉེ་ལྟ་བུར་གྱུར་ཡོད། གྲོང་པ་ཁྱིམ་མཚེས་ཚོར་དོན་དག་ཆེ་ཆུང་མི་འདྲ་བ་དང་དཀའ་གནད་དང་ཛ་དྲག་ཆེ་བའི་ལས་ཀ་གང་ཞིག་འཕྲད་ཀྱང་རོགས་རམ་དང་དགོས་མཁོ་ཡོད་ཚེ་ཚང་མས་འཕྲལ་དུ“ར་བང་གི་མག་པ”སྐད་གཏོང་གི་ཡོད། ཁོང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་སེམས་རྩ་འཁོལ་པོས་སྐད་བཏང་མ་ཐག་རོགས་པ་བྱེད་པར་བསྐྱོད་དེ་དགེ་བའི་བྱ་སྤྱོད་ལ་བརྟེན་ནས་ཁྱིམ་མཚེས་དང་ཡུལ་མི་སྤུན་ཟླ་ཚོར་དྲོ་སྐྱིད་སྦྱིན་གྱི་ཡོད།
ཁོང་གི་དམངས་ཕན་ཚོང་ཁང་ནང་གི“མི་རིགས་ཁག་ནི་ཉ་དང་ཆུ་བཞིན་ནམ་ཡང་ཁ་འབྲལ་ཐབས་མེད”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་དེ་མངོན་གསལ་ཤིན་ཏུ་དོད། བབ་ཆགས་ཤིང་བརྩེ་བས་ཕྱུག་པའི་ཡིག་འབྲུ་དེ་དག་ལས་ཁོང་གིས་ལོ་20ཡི་རིང་ལྟ་རེས་སྐྱོང་རེས་དང་མི་རིགས་ཁག་གི་མང་ཚོགས་དང་གཅིག་སེམས་གཅིག་འདྲེས་བྱས་པའི་མི་སེམས་འགུལ་བའི་རྒྱུན་གཏན་གྱི་འཚོ་བ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
ད་ཆ་ལོ་36ལ་སླེབས་པའི་ཨའེ་མར·སའེ་ཏི་ལིས་ར་བང་ཤང་གི་ལོ་20རིང་གི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། དཔང་པོའང་བྱས་ཡོད། དེ་སྔ་ཤིན་ཅང་དུ་འགྲོ་འོང་བྱེད་པའི་ལམ་བུ་འབར་འབུར་དང་ཀྱག་ཀྱོག་གིས་ཁེངས་པས་འགྲོ་ཐེངས་གཅིག་ལ་ཉིན་བཞི་ལྔ་ཙམ་འགོར་བ་ཁོང་གིས་གསལ་པོར་དྲན་གྱི་ཡོད། ད་ཆ་དེ་སྔའི་འདམ་རྫབ་ཀྱིས་ཁེངས་པའི་ལམ་དེ་ཁོད་སྙོམས་པའི་སྣུམ་ནག་ལམ་དུ་གྱུར་ནས་རླངས་འཁོར་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པས་ཉིན་གཅིག་ནང་ཡེ་ཁྲེང་དུ་ལོག་ཐུབ་ཀྱི་ཡོད་པ་དང་། དེ་སྔའི་གོག་ཧྲུལ་དུ་གྱུར་པའི་སོ་ཕག་ཁང་པ་དེ་ད་ཆ་གཙང་སྦྲ་དོད་ལ་སྡོད་མལ་ལ་འཚམ་པའི་བདེ་སྡོད་ཁང་པར་གྱུར་ནས་ཆུ་ཚོད་24རིང་གློག་བརྟན་པོ་ཡོད་པ་མ་ཟད། ཁྱིམ་ཚང་ཚང་མར་ཆུ་ཀ་ལ་ཁྲིད་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད།
ས་མཐོར་གཞི་ཚུགས་པའི་ལོ་20ཡི་རིང་སྤུན་ཟླའི་དབར་གཅིག་སེམས་གཅིག་ཏུ་སྦྲེལ་བ་དང་བརྩེ་བ་ཟབ་མོ་ཆགས་ཡོད། རང་ཉིད་གཅིག་པུ་གཞན་ཡུལ་འགྲིམ་པའི་གཞོན་ནུ་ནས་ས་མཐོར་གཞིས་ཚུགས་པའི“ར་བང་གི་མག་པ”བར་དང་། བརྩེ་སེམས་དང་རོགས་སྐྱོར་ཐོབ་པ་ནས་བརྩེ་བར་གཅེས་སྤྲས་དང་གྲོང་པ་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པའི་བར་ཨའེ་མར·སའེ་ཏི་ལིས་མི་རིགས་མཐུན་སྒྲིལ་གྱི་ས་བོན་ར་བང་ཤང་དུ་འབུས་ཐུབ་པར་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།