མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲོའུ་ཀྲང་གཞོན་པ་ཀུན་གྲགས་ཚེ་རིང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲོའུ་ཀྲང་གཞོན་པ་ཀུན་གྲགས་ཚེ་རིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་དོན་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཀུན་གྲགས་ཚེ་རིང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། སྲིད་དོན་ལས་རྗེས་ལྟ་བ་ནོར་འཛོལ་ཤོར་བ། མི་རྒྱུ་གཉིས་ཀ་འཕྲོ་བརླག་འགྲོ་བའི“སྲིད་དོན་ལས་རྗེས་ཀྱི་འདུ་འགོད”སྤེལ་བ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་འབུལ་རྟེན་བླངས་པ། སྒྲིག་འགལ་ངང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། ཏང་དང་མི་དམངས་ཀྱིས་སྤྲད་པའི་སྤྱི་པའི་དབང་ཆ་དེ་སྒེར་གྱི་ཁེ་ཕན་སྒྲུབ་པའི་ལག་ཆར་བསྒྱུར་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་ལེན་རོགས་སོགས་བྱས་ནས་ཁེ་ཕན་གཉེར་བ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་ཡང་བླངས་ཡོད་པ་རེད།
ཀུན་གྲགས་ཚེ་རིང་ལ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་བྱས་པར་ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་རྗེས་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་སྤྲད་པ་བརྒྱུད། ཀུན་གྲགས་ཚེ་རིང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་ཆབས་ཅིག ཀུན་གྲགས་ཚེ་རིང་གི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། ཁོ་པའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་དེ་འབྲེལ་གྱི་རྒྱུ་ནོར་ཡང་མཉམ་དུ་རྩིས་སྤྲོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།