དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-02

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད།

    ཟླ་5ཚེས་20ཉིན། མཚོ་སྔོན་གྱི་ཟི་ལིང་དུ་འཚོགས་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་སྐྲུན་བཞིན་པའི་ཞིང་ཆེན་འབའ་ཞིག་དེ་ཡིན་ལ། ས་ངོས་ཆུའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་ལེན་བྱས་པའི་བཅད་ངོས་ཀྱི་ཆུའི་སྤུས་ཀ་ལེགས་ཚད་ལོ་ལྔ་བསྟུད་མར་100%རྒྱུན་འཁྱོངས་ཐུབ་པའི་ཞིང་ཆེན་འབའ་ཞིག་དེའང་ཡིན་ཞེས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

    རྨ་ཆུའི་ཆུ་འགོའི་རྨ་སྟོད་རྫོང་དུ་མཚོ་5800ལྷག་ཙམ་སྐར་ཚོགས་ལྟར་གནས་ཡོད།

    2016ལོར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་རྗེས་མཚོ་སྔོན་གྱིས་སྐྱེ་ཁམས་བཅོས་སྐྱོང་གི“སྣ་འདུས་ཐབས་བཟང”སྤྱད་པ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་ཉུང་གཏོང་དང་རྩྭ་ར་སླར་གསོ་བྱས་ཏེ། རིམ་རྩིས་བརྒྱབ་ན་ས་ནག་གྲམ་ཐང་དང་རི་ལྡེབས་མུའུ་ཁྲི་བརྒྱ་གྲངས་བཅོས་སྐྱོང་བྱས་པ་དང་། སྐྱེ་ཁམས་བདག་སྐྱོང་པའི་དཔུང་ཁག་བཙུགས་པ། “གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཡོད།

    2025ལོར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འོས་འདེམས་ཁུལ)གི་མཚོ་སྔོན་ཡུག་ཁུལ་དུ་སྔོ་ལྗང་ཁྱབ་ཚད་63%ཟིན་པ་དེ་ཉེ་བའི་ལོ་བཅུའི་ཆ་སྙོམས་ལས་28.4%འཕར་བ་དང་ཆུ་རྩྭ་གསོ་བའི་ཞབས་ཞུའི་ནུས་པ་44.31%འཕར་ཡོད། སྐྱེ་ཁམས་བདག་སྐྱོང་པ་1200ལྷག་ཙམ“རི་ཁའི་ལྟོ་རྟེན་རི་ཡིན་པ”ནས“རི་སྲུང”བར་འགྱུར་ལྡོག་བྱུང་སྟེ་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་སྐྱོང་བར་གྱུར་ཡོད།

    གཡུ་ཡི་མཎྜལ་ལྟ་བུའི་མཚོ་སྔོན་པོ་དེ་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་ཆགས་ཤིང་། ཀྲུང་གོའི་མཚོ་ཆེ་ཤོས་རེད་ལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་པོའི་ཆུ་ཁ་ལོ་བཅུ་གྲངས་བསྟུད་མར་རྒྱས་པ་དང་འདམ་རའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་དུས་འགོ་ལས་ལྡབ་བཅུ་ལྷག་ཙམ་བར་སླར་གསོ་བྱུང་བ་དང་། དགོ་དམར་གྲངས་འབོར་3700ལྷག་ཙམ་བར་མང་དུ་ཕྱིན་ནས་སྲུང་སྐྱོང་བྱེད་པའི་ཐོག་མའི་དུས་ལས་ལྡབ་12འཕར་ཡོད།

    འོན་ཀྱང་མཚོ་སྔོན་པོ་སྐོར་སའི་ཁུལ་གྱི་གད་སྙིགས་གཙང་སེལ་བྱ་རྒྱུ་ནི་ས་གནས་དེ་གའི་ལས་བྱེད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

    དེ་གོང་གི་ལོ་ཉི་ཤུ་ལྷག་ཙམ་རིང་། མཚོ་སྔོན་པོ་སྐོར་སའི་ཁུལ་དུ་སྔ་རྗེས་སུ་གད་སྙིགས་སྦས་ས་བཅུ་ལྷག་ཙམ་བསྐྲུན་པ་དང་མང་ཆེ་བ་མཚོ་སྔོན་པོའི་མཐའ་འཁོར་གྱི་རང་བྱུང་རྩྭ་ར་དང་དེ་བཞིན་རི་ཁུག་སོགས་སྐྱེ་ཁམས་ཚོར་སྐྱེན་ཁུལ་དུ་ཡོད། དགུན་དཔྱིད་དུས་སུ་ལྷགས་པ་ཆེན་པོ་རྒྱག་སྐབས་འགྱིག་ཤོག་སྣ་ཚོགས་གད་སྙིགས་སྦས་ས་ནས་རྩྭ་རར་འཁྱེར་ཏེ་ནོར་ལུག་གིས་ཟས་ནོར་ཤོར་ནས་ཤི་བའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། གད་སྙིགས་ཐག་གཅོད་བྱེད་ནུས་རྗེས་ལུས་དང་ཆུ་སྙིགས་ཐག་གཅོད་སྒྲིག་ཆས་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ལས་གད་སྙིགས་ས་སྦས་གཏོང་སའི་ཁུལ་གྱི་བདེ་འཇགས་ལ་དཀའ་ངལ་འཕྲད་དེ། མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཞིག་ཏུ་གྱུར་ཡོད།

    མཚོ་སྔོན་ཞིང་ཆེན་གྱི་གད་སྙིགས་མེར་སྲེག་གློག་གཏོང་རྣམ་གྲངས་ཆེ་གྲས་ཐོག་མ་ཟི་ལིང་གྲོང་ཁྱེར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ལས་མཚོ་སྔོན་པོ་སྐོར་སའི་ཁུལ་གྱི་གད་སྙིགས་བཅོས་སྒྲིག་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་གོ་སྐབས་བྱུང་ཡོད། མཚོ་སྔོན་པོ་སྐོར་སའི་ཁུལ་དུ“དུད་ཚང་གིས་རིགས་དབྱེ་བསྡུ་རུབ་བྱེད་པ་དང་། ཤང་གིས་ཉུང་འཕྲི་བྱེད་པ། རྫོང་གིས་བརྒྱུད་འདྲེན་བྱེད་པ། གྲོང་ཁྱེར་གྱིས་མེར་སྲེག་པ”བཅས་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་མ་ལག་གསར་པ་རིམ་བཞིན་བསྐྲུན་ཡོད།

    བྱེད་སྟངས་གསར་པ་དེས“མཚོ་སྐོར་ཁུལ་དུ་གད་སྙིགས་ཀྱིས་ཁེངས་པའི”གནད་དོན་ཐག་གཅོད་ཐུབ་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་དེ་བས་མངོན་གསལ་དོད་པོ་ཐོན་ཡོད། “འགྲོ་སོང་ཉུང་དུ་ཕྱིན་ནས་སྐྱེ་ཁམས་ལ་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་ཡོད”གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་ཡོན་ཏན་ཚེ་རིང་གིས་གད་སྙིགས་གཙང་སེལ་བྱེད་ཚད་གཅིག་མཚུངས་འོག་ཡུལ་གཞན་དུ་མེ་སྲེག་གཏོང་སྟངས་སྤྱད་ཚེ་ལོ་ལྟར་མ་དངུལ་སྒོར་ཁྲི་600ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་འདུག་ཅེས་རྩིས་ཤིག་བརྒྱབ་ནས་བཤད།

    ད་ཆ་མཚོ་སྔོན་པོའི་བྱང་ངོགས་སུ་ཡོད་པའི་མཚོ་བྱང་ཀྲོའུ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོར་གད་སྙིགས་དབོར་མཁན་རླངས་འཁོར་ཆུང་གྲས་ཀྱིས་ཉིན་ལྟར་ལམ་རྒྱུད་ཀྱི་གད་སྙིགས་བསྡུ་རུབ་བྱེད་ཀྱི་ཡོད། མིག་སྔར་རྐང་ཚ་རྫོང་གི་ཤང་དང་གྲོང་རྡལ་5རུ་འཚོ་བའི་གད་སྙིགས་གཅིག་སྡུད་གཅིག་གྱུར་ཐོག་དབོར་འདྲེན་ཐུབ་ནས་ས་ཁོངས་ནང་གི་རྒྱལ་ལམ་315ལམ་རྒྱུད་དང་དེ་བཞིན་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གཙོ་བོར་ཁྱབ་ཡོད།

    2022ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་ནས་བཟུང་། མཚོ་སྔོན་གྱིས་འཛུགས་གཏོད་ལས་འགན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ“དོ་དམ་ཅུས་དང་། དོ་དམ་ཡན་ལག་ཅུས། སྲུང་སྐྱོང་ས་ཚིགས”བཅས་རིམ་གསུམ་དོ་དམ་མ་ལག་དང་། དོ་དམ་ཡན་ལག་ཅུས་4 འཐབ་ས་དང་པོའི་སྲུང་སྐྱོང་ས་ཚིགས་12བཅས་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་སྟོབས་ཤུགས་མཚོ་སྔོན་པོ་ཁུལ་གྱི་ཕྱོགས་གང་སར་ཁྱབ་པར་བྱས་ཡོད།

    མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ལག་ལེན་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་པ་དང“ས་མཐོའི་ཨ་སྔོན་དང་། དྭངས་གཙང་གི་ཆུ་མོ། སྔོ་ལྗང་གི་རྩྭ་ཐང”བཅས་རྒྱུན་རྣམ་ཅན་དུ་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།