ཨ་ཀྲུང་གིས་ཡང་དག་པའི་མཉམ་གཤིབ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ།

མི་རིང་བའི་གོང་། ཨ་ཀྲུང་གི་གཙོ་བདག་པེ་ཅིང་དུ་མཇལ་འཛོམས་གནང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད། ན་ནིང་ཚུན་དུ། ཨ་ཀྲུང་གི་འབྲེལ་བ་འགྱུར་ལྡོག་ཆེ་ཡང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ད་ཐེངས་ཀྱི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་གནང་རིང་ཕྱོགས་གཉིས་པོས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི”ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ་འབྱུང་འགྱུར་ལོ་3དང་ཐ་ན་དེ་བས་རིང་བའི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད་ལ་ཕྱོགས་གཉིས་པོའི་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་དང་ཞི་བདེ་མཉམ་གནས་ལ་འཐབ་ཇུས་ཀྱི་སྒྲོམ་གཞིའང་བཏོད་ཡོད།
ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་གཉིས་ལ་ཕན་པ་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལ་ཡང་དར་རྒྱས་གོང་འཕེལ་གྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད། དེ་བས་འགག་རྩ་ཞིག་ནི་བརྟན་ལྷིང་དང་རྒྱང་ལྟའི་རང་བཞིན་ལྡན་པའི་ཨ་ཀྲུང་འབྲེལ་བ་འཛུགས་རྒྱུ་དེ་ཡིན་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། ཨ་ཀྲུང་ཕྱོགས་གཉིས་པོས་ཡང་དག་པའི་མཉམ་གཤིབ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཐུན་མོང་གི་དམིགས་ཚད་འཚོལ་ཐུབ་ཚེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་གཞི་ནས་དངོས་འབྲེལ་དོན་འཁྱོལ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་ཐུབ། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོ་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐུན་མོང་ཐོག་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོ་དར་རྒྱས་གོང་འཕེལ་གྱི་དུས་མཚམས་གསར་པ་གཏོད་རེ་ཡོད།
དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ནི་ཨ་ཀྲུང་འབྲེལ་བའི་གྲུ་རྡོ་ལྟ་བུ་ཡིན། ཨ་ཀྲུང་གི་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་གིས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་དར་རྒྱས་ཡོང་ཐུབ་པས་ཕྱོགས་གཉིས་གདོང་གཏུག་དང་འགྲན་རྒོལ་བྱེད་དོན་མེད། ཀྲུང་གོའི་ཚོང་ཟོག་དང་ལག་རྩལ་ཟུར་འབུད་བྱེད་པ་དེས་རྒྱལ་ཁབ་གཉིས་པོའི་ད་ཡོད་ཐོན་ལས་ཀྱི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ། འདྲ་མཉམ་གྲོས་མོལ་ནི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་གདམ་ག་ཡང་དག་འབའ་ཞིག་དེ་རེད། ཕྱོགས་གཉིས་པོས་མིག་སྔའི་ཐོབ་པར་དཀའ་བའི་འཕེལ་ཕྱོགས་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། དྲང་གཞག་འགྲན་རྩོད་ཀྱིས་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་སྤྱོད་ཀྱི་ཚབ་བྱས་ནས་ཨ་ཀྲུང་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་སྤེལ་རེས་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུའི”གྲོས་འགོ་བཏོན་ནས་ཨ་རིའི་གཞོན་ནུ་ལོ་ཆུང་གིས་ཐག་ཉེ་ས་ནས་ཀྲུང་གོར་ལྟ་ཞིབ་དང་བདེན་པ་བདེན་ཐུབ་ཀྱིས་ཀྲུང་གོ་ཤེས་རྟོགས་བྱེད་པར་སྐར་ཁུང་ཞིག་ཕྱེ་ཡོད། ད་ཐེངས་ཨ་ཀྲུང་གི་གཙོ་བདག་མཇལ་འཛོམས་ཀྱིས་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པས་ཕྱོགས་གཉིས་པོས་ཕན་ཚུན་འབྲེལ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྒྲོག་ཐག་སྲ་བརྟན་དང་། གཏིང་ཟབ། རྒྱ་ཆེར་གཏོང་བ་བཅས་ལ་ཆ་རྐྱེན་བསྐྲུན་ཡོད།
འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་ཨང་དང་པོ་དང་གཉིས་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་འགྱུར་ལྡོག་ཟང་ཟིང་མཉམ་གནས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་། གཞུང་དྲང་རང་བཞིན། སྔོན་དཔག་ཐུབ་པའི་རང་བཞིན་བཅས་དེ་བས་མང་བ་སྣོན་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱེད་མཁས་པོ་བྱས་ཏེ་ཐུན་མོང་གི་ཁེ་ཕན་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་མཉམ་ལས་བྱེད་དགོས། ད་ཐེངས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་གནང་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཕྱོགས་གཉིས་པོས་བྱ་སྤྱོད་ངོ་མའི་ཐོག་ནས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།
(རྩོམ་པ་པོ་ཨ་རིའི་ཀྲུང་ཨ་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཡིན)
འབྲེལ་ཡོད་གསར་འགྱུར།