རིག་ནུས་བཟོ་སྐྲུན་གྱི་ཁོར་ཡུག་མཉམ་སྐྲུན་གྱིས་བཟོ་ལས་གསར་བརྗེ་གསར་པའི་འཕེལ་རིམ་མགྱོགས་སུ་གཏོང་བ།
2026ལོའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བའི་གླེང་སྟེགས་ཉེ་ཆར་ཧྥུའུ་ཅན་ཞ་མོན་དུ་འཚོགས་ཤིང་། ད་ཐེངས་ཀྱི་གླེང་སྟེགས་དེ“རིག་ནུས་བཟོ་སྐྲུན་གྱི་ཁོར་ཡུག་མཉམ་སྐྲུན་གྱིས་བཟོ་ལས་གསར་བརྗེ་གསར་པའི་འཕེལ་རིམ་མགྱོགས་སུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་27ནས་ཡོང་བའི་སྲིད་གཞུང་སྡེ་ཚན་གྱི་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། ཁེ་ལས་དང་ཇུས་འདོན་ཚོགས་པའི་འཐུས་མི། དེ་བཞིན་གསར་སྤེལ་དངུལ་ཁང་གསར་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་གླེང་སྟེགས་ལ་ཞུགས་པ་རེད།
ད་ལོ་ནི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཡིན་ཞིང་། “འབོ་གསེར་མཉམ་ལས་ཆེན་པོས”ཇི་ལྟར་བྱས་ནས་བཟོ་ལས་གསར་བརྗེ་གསར་པའི་ཁྱབ་ཁོངས་སུ་སྔར་བས་ཤུགས་སྣོན་རྒྱག་པའི་ཐད་ལུའུ་ཏའོ་གླིང་ཕྲན་ནི་ཕྱོགས་ཁག་གི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། གླེང་སྟེགས་ཐོག་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་གྲོང་ཁྱེར་གྱི་དྲ་བ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེས“རྒྱལ་ཁབ་དང་། གྲོང་ཁྱེར། ཁེ་ལས”བཅས་རིམ་པ་མང་བའི་མཉམ་ལས་བགྲོད་ལམ་ཕན་ནུས་ལྡན་པའི་ངང་ཤར་གཏོང་ཐུབ་ནས་འབོ་གསེར་མཉམ་ལས་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་ནི་འབོ་གསེར་དཔལ་འབྱོར་མཉམ་ལས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ཧྥུའུ་ཅན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས། 2025ལོར་ཧྥུའུ་ཅན་ཞིང་ཆེན་གྱིས་འབོ་གསེར་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་3655ཟིན་ཡོད། 2020ལོར་འབོ་གསེར་གྱི་གསར་གཏོད་རྟེན་གཞི་ཞ་མོན་དུ་བཙུགས་ཚུན། རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་སྤེལ་རེས་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བ་དང་། དྲ་ཐོག་དང་དྲ་ཕྱིར་ཤེས་ལྡན་པ་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་ཐེངས་90ལྷག་ཙམ་བྱས་པ། སྐུལ་སྤེལ་རྣམ་གྲངས་138ལ་གན་རྒྱ་བཞག་པ། མ་འཇོག་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་620ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
རྒྱལ་སྤྱིའི་རིག་ནུས་བཟོ་སྐྲུན་མནའ་འབྲེལ་གྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གླེང་སྟེགས་ཐོག་རིག་ནུས་བཟོ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ་ཁྱབ་བསྒྲགས་བྱས་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་ནུས་པའི་ཀྲུང་གོའི་ལྟེ་གནས་ཀྱིས《2026ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ཐོན་ལས་མཉམ་ལས་ཀྱི་དཔེ་མཚོན་གྱོད་དཔེ་ཕྱོགས་བསྒྲིགས》ཁྱབ་བསྒྲགས་བྱས་ཏེ་གནད་སྨིན་འཐུས་ཚང་གི་ཇུས་གཞི་ཁག་38གདམ་གསེས་བྱས་པའི་ནང་ནུས་རྒྱུ་གསར་པ་དང་། གྲངས་འཛིན་ཅན། གསོ་རིག་ཁྱབ་ཁོངས་བཅས་ཚུད་པ། གླེང་སྟེགས་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་སྟེ། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་འགྲེམས་སྟོན་ཐོག་རྒྱལ་ཁབ་10ཡི་ཁེ་ལས་120ལྷག་ཙམ་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་བཟོ་ལས་ཀྱི་དཔེ་དབྱིབས་ཆེན་པོ་དང་། དམའ་དབྱིངས་འཕུར་སྐྱོད་འཕྲུལ་ཆས། གཟུགས་ཅན་རིག་ནུས་འཕྲུལ་མི། རིག་ནུས་ཞིང་ལས་སྒྲིག་བཀོད་བཅས་ཀྱི་འགྲེམས་སྟེགས་མདུན་དུ་མི་ཚོགས་ཆེན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།