དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་མོ་དྭངས་གཙང་སྲུང་། ས་གཙང་ཡུལ་ཕྱོགས་སྐྱོང་།

    —— རང་ལྗོངས་ཀྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-02

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཕུ་ཡུལ་གྲོང་ཚོ་དང་པོའི་ཁོངས་ཀྱི་མདོག་གསུམ་མཚོ་ཡིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཕུ་ཡུལ་གྲོང་ཚོ་དང་པོའི་ཁོངས་ཀྱི་མདོག་གསུམ་མཚོ་ཡིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁོངས་སུ་གནས་པའི་མཇལ་གནས་གཡུ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    འདི་ནི་བར་སྣང་ནས་པར་བརྒྱབ་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་རྡོ་ཕུག་ཟམ་ཆེན་ཡིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁོངས་ཀྱི་ཡར་མྱང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཁོངས་ཀྱི་ཐང་ལྷའི་སྒོ་མོ་ཡིན་པ།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། རང་ལྗོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ལས་གྲྭ་འཛུགས་སྐྲུན་དང་། ཆུ་བོ་དང་མཚོར་དོ་དམ་སྲུང་སྐྱོང་། དམངས་འཚོ་འགན་སྲུང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་དོན་འཁྱོལ་ལྷོད་མེད་དང་འབད་འབུངས་ཡར་བརྩོན་གྱིས་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་བཏང་བ་དང་། “ཆུ་བོ་ལྷུང་ལྷུང་དུ་འབབ་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ཆུ་ངོགས་སྔོ་ལྗང་ལྡན་པ། མཛེས་ལྗོངས་ལྟ་ན་སྡུག་པ། མི་རྣམས་འཆམ་ཞིང་མཐུན་པ”བཅས་ཀྱི་ས་མཐོའི་ཆུའི་སྐྱེ་ཁམས་ཤིག་བཏོད་ཡོད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.13ཟིན་པའི་ཤངས་ཆུའི་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭས་ཕན་འབྲས་སྣ་མང་ཐོན་ནས་ཡུལ་ཕྱོགས་དེའི་ས་གཞི་བརླན་ཡོད། ལས་གྲྭ་དེས་ཤངས་ཆུའི་ངོགས་གཉིས་ཀྱི་ཞིང་ཁ་མུའུ་ཁྲི་12ལྷག་ཙམ་ལ་བརྟན་ལ་བློས་འཁེལ་བའི་ཞིང་ཆུ་འདྲེན་ཐུབ་པས། “གནམ་ཆུར་བསྒུགས་ནས་འཚོ་བ་སྐྱེལ་བའི”ཞིང་པའི་དཀའ་ངལ་རྦད་དེ་བསལ་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཆུ་གསབ་པ་བརྒྱུད་འདམ་ར་མུའུ་ཁྲི་15ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་འདབ་ཆགས་རིགས་འཚོ་སྡོད་དང་རྒྱུད་སྤེལ་བྱེད་པའི་དྲོ་སྐྱིད་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད། ཆེད་མངགས་བཙུགས་པའི་སྐྱེ་ཁམས་ཉ་ལམ་གྱིས་ནུས་ཤུགས་ཡོད་རྒུས་ཆུར་གནས་སྐྱེ་དངོས་རྒྱུད་སྤེལ་འཚོ་གནས་ལ་སྲུང་སྐྱོང་དང་ཆུ་ཁོངས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བས་ཆུའི་ཐོན་ཁུངས་བེད་སྤྱོད་དང་ཆུའི་ཁོར་ཡུག་བཅོས་སྐྱོང་མཉམ་དུ་འཕེལ་རྒྱས་བྱུང་ཡོད།

    དུས་རབས་གསར་པའི་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་སྦྲགས། རང་ལྗོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་དང་ཆུའི་ཁོར་ཡུག་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་མཐའ་འཁྱོངས་བྱས་ནས་ས་མཐོའི་དོན་དངོས་ལ་གཞི་ཚུགས་པ་དང་དམངས་འཚོའི་བདེ་རྩར་ཕན་པའི་ཆུ་བེད་ལས་གྲྭ་རེ་རེ་བཞིན་གངས་ལྗོངས་ས་མཐོར་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད།

    ཆུ་བེད་མ་འཇོག་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་ལ་འདེགས་སྐྱོར་བརྟན་པོ་བྱས་ཤིང་། 2025ལོར་རང་ལྗོངས་ཀྱིས་ཆུ་བེད་ཐད་མ་འཇོག་སྒོར་དུང་ཕྱུར་104.8བྱས་ཏེ་ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ཡན་མ་འཇོག་རྒྱུན་འཁྱོངས་བྱས་ཡོད། གཙོ་གནད་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་46.98བཏང་བ་དང་མ་དངུལ་གཏོང་ཚད་111%ཟིན་པ་གཉིས་ཀས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཟིན་ཐོ་གསར་པ་བཏོད་ཡོད། རྒྱུན་མཐུད་ལ་བརྟན་པའི་མ་འཇོག་གིས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དེ་ཆུའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་མཉམ་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ནས་ས་མཐོའི་དྭངས་གཙང་ཆུ་མོ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ད་ལྟའི་ཆར། གངས་ལྗོངས་ས་མཐོའི་ཆུ་བོ་དང་མཚོའི་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་མངོན་ཞིང་། ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་ལྟ་འདོམས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། 2025ལོར་རང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ་ཆུའི་ཐོན་ཁུངས་དོ་དམ་གྱི་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་པ་དང་། ཆུ་ལམ་དུ་ཁྲིམས་འགལ་ངང་གསེག་མ་སྔོག་པར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་དང་མ་ཡུམ་ཆུ་བོ་སླར་གསོའི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་མ་ཟད། ཆུ་མཚོ་མཛོད་གསུམ་གྱི“གང་བྱུང་བཞི་གཙང་སེལ”གྱི་ལས་དོན་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་བས། ལོ་ཧྲིལ་པོར་ས་ཆུ་ཤོར་སྐྱོན་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་158.12ཟིན་པ་དང་། རང་སྐྱོང་ལྗོངས་རིམ་པ་ཡན་གྱི་བདེ་སྐྱིད་ཆུ་བོ་དང་མཚོ་44སྔ་རྗེས་སུ་བསྐྲུན་ནས་ས་མཐོའི་གཙང་པོ་དང་། ཆུ་བོ། མཚོ་བཅས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ལྟ་ན་སྡུག་པའི་སྐྱེ་ཁམས་ཀྱི་རང་མདངས་གང་ལེགས་མངོན་ཡོད།

    ཆུ་འགོ་སྲུང་སྐྱོང་ནས་འབབ་རྒྱུད་མཉམ་བཅོས་བར་དང་ཆུ་རྒྱས་ཆུ་སྲུང་ནས་ཆུ་དྭངས་ངོགས་སྔོན་བར་དུ། རང་ལྗོངས་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་གི་གོམ་སྟབས་ཀུན་སྐྱེ་ཁམས་ཀྱི་རྨང་གཞི་དང་འབྲེལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ས་མཐོའི་ཡུལ་གྱི་ཆུ་རྒྱུན་དྭངས་མོ་ཡིས་མི་རབས་ནས་མི་རབས་བར་གྱི་སྐྱིད་པའི་འཚོ་བ་བརྟན་སྲུང་བྱེད་བཞིན་ཡོད་ལ། གངས་ལྗོངས་ས་གཞིའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྱུང་འགྱུར་ཡང་སྐྱོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།