ནག་ཆུ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་གཏོད་ཀྱི་ཚོགས་འདུ་འཚོགས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ཨ་མདོ་རྫོང་དུ་འཚོགས་ཤིང་། རྫོང་དང་ཆུས་11གི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་འགན་འཁུར་བ་150ལྷག་ཙམ་ལས་གྲུབ་པའི་ལྟ་སྦྱོང་ཚོགས་པས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིར་བསྐྱོད་དེ་འགྱུར་ལྡོག་ལ་ལྟ་བ་དང་། ཉམས་མྱོང་སྦྱོང་བ། ཧེ་བག་འཚོལ་བ་བཅས་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་གཞི་རིམ་སྨན་བཅོས་སྤུས་འབྲས་ལེགས་གཉེར་ཡོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།
འབྲེལ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྣེ་འདྲེན་པ་ཡིན་པའི་ཨ་མདོ་རྫོང་ལྟེ་བའི་སྨན་ཁང་གིས་གཞི་གཅིག་ཅན་གྱི་དོ་དམ་བརྒྱུད་གྲོང་གསེབ་ཀྱི་སྨན་བཅོས་སྒྲིག་གཞིར་མཐུན་རྐྱེན་སྦྱར་ཞིང་། ལྟ་སྦྱོང་ཚོགས་པས་སྨན་ཁང་དེ་ནས་ཚན་ཁག་21གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་ལས་སྨན་བཅོས་དང་། དོ་དམ། འགན་ལེན་བཅས་ལ་ཁྱབ་པའི་འཁོར་འབྲེལ་ཧྲིལ་པོའི་ཚད་ལྡན་ཅན་གྱི་འཁོར་རྒྱུག་ལམ་སྲོལ་ཆ་ཚང་ཞིག་ཁ་གསལ་ངང་མངོན་པ་སྟེ། 2023ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་8120བཏང་ནས་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་པ་དང་འབྲེལ་AIརིག་ནུས་བརྙན་པར་བརྟག་དཔྱད་ལས་སྟེགས་བཏོད་པ་དང་། སྨན་དོན་མི་སྣའི“མཚན་མོའི་སློབ་ཚན”གསར་གཏོད་བྱས་ཏེ་འཚོགས་པ་དང་། “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”ཤེས་ལྡན་པ་གསོ་སྐྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་ནས། གླ་ཕོགས་དང་དེ་བཞིན་སྨན་བཅོས་སྤུས་ཚད་དང་ཞབས་ཞུར་བློ་ཡིད་ཚིམ་ཚད་སོགས་ལྟེ་བའི་དམིགས་ཚད་འབྲེལ་མཐུད་བཅས་བྱས་ཏེ། སྨན་དོན་མི་སྣའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་དང་། རྫོང་ཁོངས་ཀྱི་སྨན་ཁང་དུ་མ་སྐྱེལ་གོང་གི་མྱུར་སྐྱོབ་མ་ལག་འཛུགས་སྐྱོང་ལས་མྱུར་སྐྱོབ་ལེགས་གྲུབ་ཐུབ་ཚད་99.64%ཟིན་ཡོད།
གཅིག་སྡུད་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་རྫོང་དང་ཆུས་ཁག་གི་ཁྱད་ལྡན་ལག་ལེན་ལ་གྲོས་བསྡུར་འཁྲུག་པོ་བྱུང་ཞིང་། གསེར་རྙེད་ཆུས་ཀྱིས་AIརམ་འདེགས་སྨན་བཅོས་མ་ལག་ཚོད་ལྟ་བྱས་ནས་རྒྱུན་མཐོང་ནད་རིགས་1200ལྷག་ཙམ་སྨན་བཅོས་ཐུབ་ཡོད། སོག་རྫོང་གིས་སྨན་རྩིས་ཁང་སྣེ་འདྲེན་དུ་བྱས་ནས་ཁྱད་ལྡན་སྨན་བཅོས་གཅིག་མཐུན་ཚོགས་པ་བཏོད་པ་དང་ཤང་དང་གྲོང་རྡལ་10ཡི་བོད་ལུགས་གསོ་རིག་ཁང་གིས་ཚད་ལྡན་ཅན་གྱི་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཁག་14མཁོ་འདོན་བྱས་ཡོད། འབྲི་རུ་རྫོང་གིས“གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྨན་བཅོས་ཁང་ཟུང་འབྲེལ”གྱི་འཁོར་རྒྱུག་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་པས། གྲོང་ཚོའི་སྨན་པའི་ཡོང་འབབ་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་དགོས་མཁོ་ཡང་བསྐངས་ཡོད། སྙན་རོང་རྫོང་གིས་རྫོང་ཁོངས་སྨན་བཅོས་ཆ་འཕྲིན་ཅན་གྱི་རིམ་སྤོར་འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་གཏོང་བར“ཆ་འཕྲིན་མྱུར་བགྲོད་ལམ་བུ”བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།