“བྱིས་སེམས་ཕྲ་མོས་ལོ་ལྔ་ཚན་བཅོ་ལྔའི་ཕུགས་འདུན་གཏོད། གངས་ལྗོངས་ཡུལ་གྱི་གླུ་གར་སྟོན་མོས་དྲུག་གཅིག་བསུ”ཞེས་པའི་2026ལོའི་བོད་ལྗོངས་ཀྱི“དྲུག་གཅིག”བྱིས་པའི་རིག་རྩལ་མཚན་ཚོགས་གཉེར་བ།
ཟླ་5ཚེས་30ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ“བྱིས་སེམས་ཕྲ་མོས་ལོ་ལྔ་ཚན་བཅོ་ལྔའི་ཕུགས་འདུན་གཏོད། གངས་ལྗོངས་ཡུལ་གྱི་གླུ་གར་སྟོན་མོས་དྲུག་གཅིག་བསུ”ཞེས་པའི་ལོ་ཆུང་བྱིས་པའི་རིག་རྩལ་མཚན་ཚོགས་གཉེར་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཞུགས་པ་རེད།
ད་ཐེངས་ཀྱི་མཚན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། རྒྱལ་སྲུང་སློབ་གསོ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། གེགས་རྗེས་བསྐྱར་སྐྲུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་སོགས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས“བློ་གསལ་བྱིས་པས་རྒྱང་ལམ་གསར་པ་གཏོད”དང་། “སེ་འབྲུའི་རྡོག་པོ་བཞིན་མི་རིགས་བརྩེ་བ་གཅིག་ཏུ་སྒྲིལ” “གཅིག་རྒྱུན་གཅིག་འཛིན་བྱས་ཏེ་ཁྱིམ་གཞིས་སྲུང” “མ་འོངས་པར་བློ་ཁ་ཕྱོགས་ནས་ལེའུ་གསར་རྩོམ”བཅས་ལེ་ཚན་ཆེན་པོ་བཞིར་དབྱེ་ཡོད་པ་དང་། དེའི་ནང་ཞབས་བྲོ་དང་། ལུས་རྩལ། ཚན་རྩལ་འགྲེམས་སྟོན། གླུ་དབྱངས། རོལ་ཆ། གྱེར་འདོན། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་ཚུད་ཡོད་ཅིང་། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་རོལ་རང་བཞིན་བཅས་ལྡན་པའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ལོ་ཆུང་བྱིས་པའི་འཐུས་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི། ཕུལ་བྱུང་ན་གཞོན་གྱི་འཐུས་མི་སོགས་མི་1000ལྷག་ཙམ་གྱིས་ས་ཡུལ་དངོས་སུ་འཁྲབ་སྟོན་ལ་བལྟས་པ་རེད།
འབྲེལ་ཡོད་གསར་འགྱུར།