དར་ཞིང་རྒྱས་པའི་ས་མཐོའི་གྲོང་ཁྱེར་གསར་པ།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། གནའ་བོའི་ལྷ་སར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་པ་རེད། སྐབས་དེ་དུས་ལྷ་སའི་གྲོང་ཁུལ་དུ་རྒྱུན་སྡོད་མི་འབོར་ཁྲི་2ལྷག་ཙམ་ལས་མེད་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་0.25ལས་ཟིན་གྱི་མེད།
2025ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1090.99ཟིན་ནས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་ཚད་བརྒལ་བདེ་བླག་བྱུང་སྟེ། བོད་ཀྱི“དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར”ཐོག་མར་གྱུར་ནས་བོད་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར་ཐེངས་དང་པོར་ཐོན་པ་རེད།
“དུང་ཕྱུར་སྟོང”ནི་ལྷ་སའི་དཔལ་འབྱོར་བྱ་འཕུར་བ་ལྟར་གོང་དུ་འཕེལ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་མོད། འོན་ཏེ་ས་མཐོའི་གནའ་གྲོང་དེར་མཚོན་ན་དཔལ་འབྱོར་གྱི་སྤྱི་འབོར་འཕར་བ་ཙམ་གྱིས་གཏན་ནས་ཚད་ཀྱི་མེད།
དངོས་ཟོག་མི་ཕྱུགས་ཀྱིས་དབོར་འདྲེན་བྱེད་པ་ནས་མཁའ་ལམ་སྣ་ཚོགས་བསྐྲུན་པའི་བར་དང་། བྱེ་རླུང་འུར་འུར་དུ་ལྡང་བ་ནས་གྲོང་ཁྱེར་སྔོ་ལྗང་གིས་བསྐོར་བའི་བར། དངོས་ཟོག་དཀོན་པ་ནས་བདེ་སྐྱིད་ཁམས་བཟང་དུ་གྱུར་པའི་བར་བཅས་ལས་ལྷ་སས་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བཏོད་དེ་གངས་ལྗོངས་ས་མཐོར་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།
ས་མཐོའི་ཡུལ་ནས་དུང་ཕྱུར་སྟོང་གི་གྲོང་ཁྱེར་དར་འཕེལ་བྱུང་བ།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ལྷ་སར་དེང་རབས་ཀྱི་བཟོ་ལས་ཧ་ལམ་མེད་པ་དང་ཞིང་འབྲོག་ལས་ཀྱིས་དཔལ་འབྱོར་སྤྱི་འབོར་གྱི་90%ཡན་བཟུང་ཡོད།
ལོ་ངོ་75ཡི་རིང་། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་གྲུབ་ཆར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། 2025ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། ཐོན་ལས་ཆེན་པོ་གསུམ་གྱི་གྲུབ་ཆ་དེ“གཅིག་གསུམ་གཉིས”ནས་2025ལོའི་3.4:42.9:53.7བར་ལེགས་སུ་ཕྱིན་ནས་
ཐོན་ལས་གསུམ་པས“བསྡུར་ཚད་ཕྱེད་ཀ་ཡན”བཟུང་བ་དང་། དེང་རབས་བཟོ་ལས་དང་། གྲངས་འཛིན་དཔལ་འབྱོར། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་བཅས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་མགྱོགས་མྱུར་གོང་འཕེལ་བྱུང་ཡོད།
སྟག་རྩེ་བཟོ་ལས་གླིང་བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཀུང་སིའི་འཁོར་ཁང་དུ་ལོ་44ལ་སླེབས་པའི་བྱམས་པ་ཆོས་གྲགས་ཀྱིས་རང་འགུལ་ཅན་གྱི་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། ནས་ལས་བཟོས་པའི་ཐུག་པ་དང་། སྦི་རག་སྤུས་ལེགས། ཟས་ཕྱེ་བཅས་ཐོན་སྐྱེད་བྱེད་ཀྱི་ཡོད། དེ་སྔོན་ཁོང་གིས་ཞིང་ནང་དུ་ནས་འདེབས་སྐབས་ལོ་རེའི་ཡོང་འབབ་སྒོར་4000ནས་5000བར་རག་པ་དང་། ད་ཆ་ཐོན་ལས་ཀྱི་བཟོ་པར་གྱུར་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་6ལས་བརྒལ་ཡོད། ཀུང་སི་དེས་ཐོན་སྐྱེད་བྱས་པའི་ནས་ཀྱི་ཐོན་རྫས་དག་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་ཆེན་པོར་འཚོང་གི་ཡོད་པ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལས་བརྒལ་ཡོད།
མི་རྣམས“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ”ནས“ལག་རྩལ་ལ་བརྟེན་ནས་ཕྱུག་པོ་ཆགས་པའི”བར་འགྱུར་ལྡོག་བྱུང་བ་དེ་ནི་ལྷ་སའི་དེང་རབས་བཟོ་ལས་ཀྱིས་སྲོལ་རྒྱུན་ཞིང་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
ཚན་རྩལ་གྱིས་ཞིང་ལས་ལ་མཐུན་རྐྱེན་སྦྱར་བ་དང་གྲངས་འཛིན་གྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་ཤིང་། ལྷ་སས“ལག་རྩལ་དང་ཐོན་ལས་ཟུང་འབྲེལ”གྱི་མཉམ་ཤུགས་སྐུལ་འདེད་ལ་བརྟེན་ནས་དེང་རབས་ཐོན་ལས་ཕྱོགས་སྒྱུར་གྱི་ལམ་བུ་ཡངས་སུ་གཏོང་བཞིན་ཡོད། དེའི་ནང་། ལྷ་ས་མཐོ་གསར་ཁུལ་དུ་གྲངས་འཛིན་དཔལ་འབྱོར་ཁེ་ལས་ཁག་2894དང་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་ཁག་99གཅིག་ཏུ་འདུས་ཏེ་ཆེད་ཞིབ་ཁྱད་གསར་བཞིའི“གྱད་མི་ཆུང་གྲས”ཁེ་ལས་བོད་རང་སྐྱོང་ལྗོངས་ཡོངས་ལ་ཁྱབ་ཡོད།
གནའ་གྲོང་གསར་པའི་འཕོ་འགྱུར་གཤོག་ཟུང་བརྐྱངས་པ།
ལོ་ངོ་75ཡི་གོང་། ལྷ་སའི་གྲོང་ཁུལ་ནི་བར་སྐོར་ཁྲོམ་གཞུང་གི་མཐའ་འཁོར་ལས་མ་འདས་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3ཡང་ཟིན་གྱི་མེད་ལ་གྲོང་སྲིད་སྒྲིག་བཀོད་ཀྱང་ཧ་ལམ་མེད།
ད་ཆ་ལྷ་སར“ལྟེ་བ་གཅིག་དང་ཁུལ་གཉིས་དང་ལྷོ་བྱང་སྦྲེལ་མཐུད”ཀྱི་རྣམ་པ་ཞིག་ཆགས་པ་སྟེ། གྲོང་ཁུལ་རྙིང་པ་ལྟེ་བར་བྱས་པ་དང་སྟོད་ལུང་བདེ་ཆེན་ཆུས་དང་སྟག་རྩེ་ཆུས་ཁུལ་གཉིས་སུ་བྱས་ཤིང་། བོད་ལྗོངས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལྷ་ས་མཐོ་གསར་ཁུལ་སོགས་ཚོགས་པ་སྡེབ་སྒྲིག་དར་རྒྱས་བྱུང་ནས་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་128བར་ཆེ་རུ་ཕྱིན་ཡོད།
དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྔོན་འཇོག་བྱེད་དགོས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ། ལྷ་གཞིས་ལྕགས་ལམ། གོང་དཀར་གནམ་ཐང་བཅས་རྒྱས་སྐྲུན་བྱས་པ་དང་དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་ཚགས་དམ་དུ་བཏང་ནས་ལྷ་སར“གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ”བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་བསྐྲུན་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་དུམ་བུ། ལྷ་གཞིས་རིམ་མཐོའི་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁུལ”དང“ཆུ་ཚོད་གཉིས་ཀྱི་དཔལ་འབྱོར་ཁུལ”གཞི་རྩའི་ཆ་ནས་ཆགས་ཡོད།
གྲོང་ཁྱེར་གསར་སྒྱུར་གྱི་ལེགས་ཆ་དེ་ཞིབ་ཕྲ་ནས་མངོན་ཞིང་། བར་སྐོར་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཡུག་ཁུལ་བྱང་མའི་ཁྲོམ་གཞུང་དང་སྲང་ལམ་ཁག་13གྱི་ས་འོག་མདོང་ལམ་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། རིག་ལྡན་མེ་ཟོན་དང་གློག་ཤུགས་འཕྲིན་གཏོང་དུས་གཅིག་ཏུ་རིམ་སྤོར་བྱས་ནས་ལོ་ངོ་སྟོང་གི་གནའ་གྲོང་ལ་དེང་རབས་ཀྱི་གསོན་ཤུགས་རྒྱས་ཡོད།
སྔོ་ལྗང་རྩི་ཤིང་རྒྱས་ནས་དམངས་འཚོའི་རྣམ་པ་གསར་པར་གྱུར་པ།
ལོ་ངོ་75ཡི་གོང་། ལྷ་སར་བྱེ་རླུང་ལྡང་ནས་གནམ་འཐིབས་པ་དང་སྡོད་མལ་ཁོར་ཡུག་ཞན་པས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། ད་ཆ་ལྷ་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རི་ཀླུང་ལ་སྔོ་ལྗང་གོས་བཟང་བཀླུབས་པ་དང་། གྲོང་ཁྱེར་གྱི་ཆུ་རྒྱུད་བཅོས་སྐྱོང་གིས་གསོན་ཤུགས་ཀྱི་དབང་རྩ་འཕེལ་བ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱིས་དགུང་སྔོན་བརྟན་སྲུང་ཐུབ་ཡོད།
ལྷ་ཀླུ་འདམ་རར་རྨོ་བསྐྱུར་འདམ་གསོ་དང་། འདམ་གཤོང་ཆུ་གསབ། ལྟེ་བའི་ཁུལ་གནས་སྤོ་བཅས་བྱས་པ་བརྒྱུད་འདམ་ར་དེ་ཉིད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི“གཞི་རྒྱུའི་མཛོད”དུ་གྱུར་ཡོད། 2025ལོར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་པ་དང་། གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྗང་མདོག་གཏེར་རིའི་གྲངས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
སྐྱེ་ཁམས་བཟང་པོ་ལས་མང་ཚོགས་ཀྱི་ཡོང་འབབ་ཡང་འཕར་ཡོད། 2026ལོའི“ལྔ་གཅིག”གུང་གསེང་རིང་། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་གླིང་ཁ་30ལྷག་ཙམ་སྒོ་ཕྱེ་ནས་མགྲོན་པོ་བསུས་ཤིང་། རྡོ་ར་ཁྲ་མོ་གླིང་ཁས་ཉིན་ལྟར་སྣེ་ལེན་ཞུས་པའི་མི་གྲངས་500ཟིན་པ་དང་ཉིན་རེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་བཞི་ལྔ་ཟིན་ཡོད། ལྷུན་གྲུབ་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་20.97%འཕར་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུས་མཚུངས་ལས་19.8%འཕར་ནས“གུང་གསེང་དཔལ་འབྱོར”འཕེལ་རྒྱས་མྱུར་པོ་སོང་ཡོད།
དམངས་འཚོའི་བདེ་རྩའང་དེ་དང་འདྲ་བར་མིག་མཐོང་ལག་ཟིན་ཐུབ་ཅིང་། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་བསྟུད་མར་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ལས་ཞུགས་བྱེད་འདོད་ཡོད་པའི་དབུལ་སྒྲོལ་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མ་100%ལས་ཞུགས་ཐུབ་པ། ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་ད་ཆ་ལོ་ལྟར་12%ཡན་རྒྱུན་འཁྱོངས་ཐུབ་ཡོད།
སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་72.5ཡན་བར་རིང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་ཀྱི་ཚད་གཞི་རྒྱུན་མཐུད་མཐོ་རུ་ཕྱིན་པ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་རིན་མེད་སྨན་བཅོས་ཐུབ་པ། གྲུམ་བུ་ཚིགས་ཆེན་གྱི་ནད་པ་ལོ་9བསྟུད་མར་ཐོན་མྱོང་མེད་པ་བཅས་རེད།
སློབ་གསོའི་ཐད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭ་32གསར་དུ་བསྐྲུན་ནས་གྲོང་ཚོ(གྲོང་ལྷན)ཚང་མར་བུ་བཅོལ་ཁང་ཁྱབ་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་5940བར་མཐོ་རུ་བཏང་བ། ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭ་དེ་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་སྤོར་བྱས་པ། “སློབ་གྲྭར་འགྲོ་ཐུབ་པ”ནས“སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི”བར་འགྱུར་ལྡོག་བྱུང་བ་བཅས་སློབ་གསོའི་བྱ་གཞག་དེ་ནི་ལོ་ངོ་75ཡི་རིང་ལྷ་ས་གྲོང་ཁྱེར་གྱི་འཕོ་འགྱུར་ཁྲོད་དྲོ་སྐྱིད་ཆེ་ཤོས་ལྡན་པའི་དོན་དག་ཅིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར། ལྷ་སས་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་དང་གོམ་སྟབས་སྔར་བས་བརྟན་པོར་བརྟེན་ནས་གངས་ལྗོངས་ས་གཞི་ཆེན་པོར་བཀྲག་མདངས་འཚེར་བའི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།