ནོར་སྲིད་པུས་ཤང་ཀང་དུ་མི་དམངས་ཤོག་སྒོར་གྱི་ལྗང་མདོག་བདག་དབང་བུན་ལོར་འགྲེམས་སྤེལ་བྱས་པ།
ཟླ་5ཚེས་29ཉིན། ནོར་སྲིད་པུའི་མི་དམངས་ཤོག་སྒོར་གྱི་ལྗང་མདོག་བདག་དབང་བུན་ལོར་འགྲེམས་སྤེལ་མཛད་སྒོ་ཤང་ཀང་དངུལ་རྩ་དོ་དམ་ཅུས་སུ་འཚོགས་ཤིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ནོར་སྲིད་པུས་ཀྲུང་དབྱང་སྲིད་གཞུང་གི་ཚབ་ཞུས་ནས་ཟླ་5ཚེས་28ཉིན་ཤང་ཀང་དུ་མི་དམངས་ཤོག་སྒོར་དུང་ཕྱུར་60ཡི་ལྗང་མདོག་བདག་དབང་བུན་ལོར་བདེ་བླག་ངང་འགྲེམས་སྤེལ་བྱས་པ་དང་། རྒྱལ་སྤྱིའི་མ་འཇོག་མཁན་གྱིས་ཉོ་སྒྲུབ་ཁས་ལེན་གང་ལེགས་བྱས་པས། དངུལ་འབོར་སྒོར་དུང་ཕྱུར་624ཟིན་པ་དེ་འགྲེམས་སྤེལ་དངུལ་འབོར་གྱི་ལྡབ་10.4ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
ད་ཐེངས་འགྲེམས་སྤེལ་བྱས་པའི་མི་དམངས་ཤོག་སྒོར་གྱི་ལྗང་མདོག་བདག་དབང་བུན་ལོར་ལ་དུས་ཡུན་ལོ་3རིང་གི་སྒོར་དུང་ཕྱུར་30ཚུད་པ་དང་འགྲེམས་སྤེལ་གྱི་སྐྱེད་ཚད་1.42%དང་ལོ་ལྔའི་རིང་གི་སྒོར་དུང་ཕྱུར་30ཚུད་པར་སྐྱེད་ཚད་1.56%ཟིན་ཡོད། མ་འཇོག་མཁན་གྱི་ཁྱབ་རྒྱ་ཆེ་ཞིང་རིགས་ཁག་ཕུན་སུམ་ཚོགས་པོ་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་མིན་པའི་ས་ཁུལ་གྱི་མ་འཇོག་མཁན་གྱིས་80%དང་20%སོ་སོར་བཟུང་བ་དང་། བདག་དབང་དང་དེ་བཞིན་ཚད་བརྒལ་བདག་དབང་དང་། དངུལ་ཁང་། ཐེབས་རྩའི་མ་རྩ་དོ་དམ། འགན་བཅོལ་སོགས་ལས་བརྒལ་རིགས་ཀྱི་མ་འཇོག་མཁན་གྱིས་31%དང་། 47% 20%བཅས་སོ་སོར་བཟུང་ཡོད། ལྗང་མདོག་དང་རྒྱུན་མཐུད་རིགས་ཀྱི་མ་འཇོག་མཁན་གྱིས་35%བཟུང་ཡོད། ད་ཐེངས་འགྲེམས་སྤེལ་བྱས་པའི་བུན་ལོར་ཚང་མ་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁྲོམ་རར་བཏོན་ཡོད་པ་རེད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ནོར་སྲིད་སིའི་སི་ཀྲང་ཁྲེན་མའོ་པོ་ཡིས་ད་ཐེངས་ཀྱི་འགྲེམས་སྤེལ་ནི་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དུ་མི་དམངས་ཤོག་སྒོར་གྱི་ལྗང་མདོག་བདག་དབང་བུན་ལོར་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པས། རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་མ་དངུལ་བསྡུ་སྒྲིལ་དང་ཉོ་ཚོང་དེ་བས་མང་བ་ཤང་ཀང་དུ་བྱེད་པར་ཡིད་དབང་འགུགས་པ་མ་ཟད། ཤང་ཀང་འདི་ཉིད་ངོགས་གྱེས་མི་དམངས་ཤོག་སྒོར་གྱི་ལྟེ་བའི་ནུས་པ་སྔར་བས་སྲ་བརྟན་དང་ཆེ་རུ་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱི་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་འོག ཤང་ཀང་གིས་རྒྱལ་སྤྱི་ཅན་གྱི་ལེགས་ཆ་ཧུར་ཐག་སྤྱད་དེ་རྒྱལ་ཁབ་ཕྱི་ནང་སྦྲེལ་མཐུད་ཀྱི་དངུལ་རྩའི་བགྲོད་ལམ་དེ་བས་མང་བ་བཏོད་དེ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་མ་ཟད། རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཡངས་པའི་བར་མཐོངས་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།