རྒྱལ་ཡོངས་ཀྱི་དབྱར་འབྲུ་བཅུ་ཆ་གཉིས་ལྷག་ཙམ་བསྡུས་ཟིན་པ།
ཉེ་ཆར། དབྱར་འབྲུར་ལོ་ལེགས་བྱུང་ནས་གཞི་ཁྱོན་ཆེན་པོས་བསྡུ་འགོ་ཚུགས་ཡོད། ན་ནིང་ས་གནས་ཁག་གིས་མཐོང་དཀོན་པའི་སྟོན་དུས་ཆར་པ་བསྟུད་མར་བབས་པའི་ཤུགས་རྐྱེན་ལ་ཐབས་བརྒྱ་ཇུས་སྟོང་གིས་ཁ་གཏད་བཅག་ནས་དགུན་གྲོའི་རྒྱ་ཁྱོན་བརྟན་པོ་ཡོང་བ་དང་ལྗང་པའི་གནོད་སྐྱོན་སེལ་ཐབས་བྱས་ཡོད། ཞིང་ལས་གྲོང་གསེབ་པུས་ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པར་གཞིགས་ན། ཟླ་5ཚེས་28ཉིན་བར། རྒྱལ་ཡོངས་ཀྱི་དབྱར་འབྲུ་བཅུ་ཆ་གཉིས་ལྷག་ཙམ་བསྡུས་ཟིན་པ་དང་གྲོ་བསྡུ་བའི་སྤྱིའི་མྱུར་ཚད་བཅུ་ཆ་གཉིས་ལྷག་ཙམ་ཟིན་ཞིང་། དེའི་ནང་ལྷོ་ནུབ་ཏུ་བསྡུས་ཟིན་ཉེར་ཡོད་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་བཅུ་ཆ་བརྒྱད་ལྷག་ཙམ་བསྡུས་ཟིན་པ། རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་ཀྱི་རྒྱུག་ཁུལ་དུ་རྒྱ་ཁྱོན་ཆེན་པོས་བསྡུ་འགོ་ཚུགས་པ། རྒྱལ་ཡོངས་ཀྱི་དགུན་འདེབས་པད་ཁ་བཅུ་ཆ་དགུ་ལྷག་ཙམ་བསྡུས་ཟིན་ནས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་གཟའ་འཁོར་གཅིག་ནང་རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་ཀྱི་རྒྱུག་ཁུལ་མང་ཆེ་བར་གནམ་དྭངས་རྒྱུ་ཡིན་པས་གྲོ་སྨིན་པ་དང་བསྡུས་ནས་བསིལ་སྐམ་གཏོང་བར་ཕན་ཐོགས་ཡོད།
སྔ་སྨིན་འབྲས་ཀྱི་རྒྱ་ཁྱོན་བརྟན་པ་དང་ལྗང་པ་འབུས་ཚུལ་རྒྱུན་གཏན་ཡིན་ཞིང་། ད་ལོའི་དཔྱིད་དུས་སུ་ལྷོ་ཕྱོགས་ཀྱི་གནམ་གཤིས་ཅུང་ལེགས་པ་དང་། “དཔྱིད་གྲང་གི་གནོད་འཚེ”དང་ཆུ་ལོག་ཚབས་ཆེན་བྱུང་མེད་པས་སྔ་སྨིན་འབྲས་ཀྱི་ལྗང་པ་གསོ་བ་དང་འདེབས་འཛུགས་བདེ་བླག་བྱུང་ནས་སྔོན་དཔག་བྱས་ན་ད་ལོའི་སྔ་སྨིན་འབྲས་ཀྱི་རྒྱ་ཁྱོན་བརྟན་པོ་ཡོང་རྒྱུ་རེད། ཉེ་དུས་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཆར་པ་བསྟུད་མར་བབས་ནས་སྔ་སྨིན་འབྲས་ཀྱི་སྐྱེ་འཚར་ཅུང་འགོར་པོ་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་ཤུགས་རྐྱེན་ཆེན་པོ་ཐེབས་མེད། མིག་སྔར་ཧྭ་ནན་གྱི་སྔ་སྨིན་འབྲས་ནི་ཚིགས་གཏོང་བ་ནས་སྙེ་ལོ་རྒྱས་པའི་དུས་སུ་སླེབས་ཡོད་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་རྒྱུག་ཁུལ་དུ་སྡོང་རྐང་རྒྱས་ནས་སྙེ་ཚིགས་གཏོང་བའི་དུས་སུ་སླེབས་ཡོད་པས། ལྗང་པ་འབུས་ཚུལ་སྤྱིར་ན་སྔར་ལོ་བཞིན་གཅིག་མཚུངས་ཡིན་པ་རེད།
དཔྱིད་འདེབས་ཕྱོགས་ཡོངས་ནས་འགོ་ཚུགས་དང་ལྗང་པ་སྐྱེ་འཚར་ཡག་པོ་ཡོད་ཅིང་། ཟླ་5པའི་ཚུན་དུ་དཔྱིད་འདེབས་ཁུལ་གྱི་ཉི་འོད་ཕོག་ཚད་དང་། དྲོད་ཚད། བཞའ་ཚན་བཅས་ཅུང་ལེགས་པོ་ཡོད་པ་དང་སེར་ཡག་པོ་ལངས་ཡོད་པས། བྱང་ཤར་སོགས་ཀྱིས་མཐུན་རྐྱེན་དང་བསྟུན་ནས་སོན་འདེབས་ཚད་མགྱོགས་སུ་བཏང་ཡོད། ཞིང་ལས་གྲོང་གསེབ་པུས་ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་བཅུ་ཆ་དགུ་ལྷག་ཙམ་བཏབ་ཟིན་པ་དང་མྱུར་ཚད་དུས་མཚུངས་ལས་ཅུང་མགྱོགས་པ་དང་། དེའི་ནང་བྱང་ཤར་དུ་བཅུ་ཆ་དགུ་ལྷག་ཙམ་དང་། རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་ཀྱི་རྒྱུག་ཁུལ་དུ་བཅུ་ཆ་དགུ་ལྷག་ཙམ། ལྷོ་ནུབ་ཏུ་བཅུ་ཆ་བརྒྱད་ལྷག་ཙམ། དེ་མིན་གྱི་ས་ཆ་གཞན་དག་ལས་མཇུག་འགྲིལ་བའི་དུས་སུ་སླེབས་པ་བཅས་རེད། ཧེ་ལུང་ཅང་དང་ནང་སོག་ཏུ་དཔྱིད་འདེབས་ལོ་ཏོག་བཅུ་ཆ་དྲུག་ལྷག་ཙམ་ལ་ལྗང་པ་འབུས་པ་དང་། ལེའོ་ཉིང་དང་ཅི་ལིན་དུ་ལྗང་པ་འབུས་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་ནས་ལྗང་པའི་སྐྱེ་འཚར་ཡག་པོ་ཡོད་ལ་རིགས་དང་པོ་དང་གཉིས་པའི་ལྗང་པའི་བསྡུར་ཚད་95%ཡས་མས་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།