དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཆེད། རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་བཅུ་པ་འཆར་ཉེའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་ལ“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།

    ཡུས་ཙུང་རེན་དང་། ཁུང་ཧའེ་ནན། སུའུ་ཆོན་ཁོ། སུང་རེན་ཏེ། ཁྲེན་ལེ། ཅིན་ཧའེ་ཙུའུ། ཀྲའོ་དབྱང་། ཀུའེ་ཧའེ་ཁྲའོ། ཞུས་ཧུང་ཅེ། ཧོང་ཀུའེ་ཡུན་བཅས་བློ་མཐུན་10གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད། ཁོང་ཚོས་རང་རྟོགས་ངང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཞག་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཕྱོགས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་ནང་ཧུར་ཐག་ཞུགས་ཤིང་། ལ་ལས་དུས་ཡུན་རིང་པོར་ལྟེ་བའི་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ལ་རྩེ་གཅིག་ཏུ་གཞོལ་ནས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་བློ་ཁོག་ཆེན་པོས་འཛེགས་པ་དང་། ལ་ལས་དཀའ་ཉེན་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་ཕུགས་འདུན་དོན་གཉེར་དང་མཚོ་གཏིང་འཚོལ་ཞིབ་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་བ། ལ་ལས་བློ་གྲོས་གཅིག་སྡུད་ཀྱིས་འགག་སྒྲོལ་དང་བློ་རྩ་བརྟན་པོས་གསར་གཏོད་བྱས་ཏེ་ནུས་རྒྱུ་གསར་པའི་གློག་རྫས་དང་མཚོ་སྒྲོལ་ཟམ་ཆེན་གྱི་ལག་རྩལ་གྱི་དཀའ་གནད་ཟམ་མི་ཆད་པར་བསལ་བ། ལ་ལས་ས་མཐོར་གཞི་ཚུགས་ནས་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་ཕུལ་ཏེ་འབྲོག་ལས་ལག་རྩལ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རོགས་བྱས་པ། ལ་ལས་ཡུན་རིང་སྐྱེ་ཁམས་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་བྱས་ནས་སེམས་ནུས་ཡོད་རྒུས་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་པ། ལ་ལས་སྨན་པའི་ཀུན་སྤྱོད་ལ་བརྩི་མཐོང་དར་སྤེལ་དང་སྨན་བཅོས་ལག་རྩལ་ལ་ཞིབ་འཇུག་ཧུར་ཐག་བྱས་ཏེ་བརྒྱལ་གཟེར་ནད་སྨན་བཅོས་ཀྱི་དཀའ་གནད་བསལ་བ། ལ་ལས་ཚན་ཞིབ་དང་ཚན་རིག་ཁྱབ་གདལ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུ་དེ་གཞོན་ནུ་ལོ་ཆུང་དེ་བས་མང་བའི་མི་ཚེའི་རེ་སྙེག་ཏུ་འགྱུར་བར་བྱས་པ་ལ་སོགས། ཁོང་ཚོས་ཏང་ཞེན་རྒྱལ་གཅེས་དང་། འབད་བརྩོན་ལྷོད་མེད། ལས་བཀུར་དམངས་མཐུན། བབ་ཆཌ་དོན་གཉེར་བཅས་བྱས་ཏེ། དུས་རབས་གསར་པའི་ཚན་རྩལ་ལས་དོན་པའི་ཉམས་འགྱུར་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    རྒྱ་ཆེའི་ཚན་རྩལ་ལས་དོན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དེང་རབས་ཅན་ལ་ཐུག་ཡོད་པས་ཚན་རྩལ་གྱི་མཐོ་ཚད་དང་ཐོན་ལས་ཀྱི་མཐོ་ཚད་གཉིས་ཀ་ང་ཚོ་རང་ཉིད་ཀྱིས་བརྩོན་ལེན་བྱེད་དགོས། “ཚན་རྩལ་ལས་དོན་པ་ཡག་ཤོས”མིག་དཔེར་བཟུང་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་རང་རྟོགས་ངང་དར་སྤེལ་དང་ལག་ལེན་བསྟར་བ་དང་། སློབ་སྲོལ་བཟང་དུ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ། སེམས་རྣལ་དུ་ཕབ་ནས་སེམས་ནུས་ཡོད་རྒུས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ཤེས་ཡོན་ཟབ་མོ་དང་ཤེས་ཡོན་དངོས་ལ་ཧུར་བརྩོན་བྱེད་པ། ཚན་རིག་ལག་རྩལ་གྱི་ཁྱབ་རྒྱ་དང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུས་བཀག་ལྟར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཚན་རྩལ་ལས་དོན་པ་ཡག་ཤོས”ཡོངས་བསྒྲགས་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་ཆར་བསྟན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།