“དབྱར་གསུམ”རིང་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ།
རྒྱལ་ཡོངས་སུ་ཞིང་འཕྲུལ་སྣ་ཚོགས་ཁྲི་1700ལྷག་ཙམ་སྤྱོད་རྒྱུ་ཡིན་པ།

འདི་ནི་ཧྲན་ཤིས་ཡུན་ཁྲེང་གྲོང་ཁྱེར་ཡན་ཧུའུ་ཆུས་ཅེ་ཀྲོའུ་གྲོང་རྡལ་ཆུས་གྲོང་ཚོར་བརྔ་བསྡུ་མཉམ་སྤྱོད་འཕྲུལ་འཁོར་གྱིས་བྲེལ་བརྩོན་ཆེན་པོས་བཙས་མ་རྔ་བཞིན་པ།
གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5ཚེས་28ཉིན་གྱི་ཆུ་ཚོད་17བར་ཡུལ་ལུང་ཁག་གིས་དབྱར་འབྲུ་གྲོ་མུའུ་ཁྲི་4897བརྔ་བསྡུ་བྱས་པ་དང་། ཉིན་དེ་རང་ལ་འཕྲུལ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་1000ལས་བརྒལ་ནས་ད་ལོའི་རྒྱལ་ཡོངས་ཀྱི“དབྱར་གསུམ”རིང་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད། མིག་སྔར་གྲོ་བཅུ་ཆ་གཉིས་ཙམ་བརྔ་བསྡུ་ཟིན་པ་དང་། ལྷོ་ནུབ་ས་ཁུལ་དང་ཧུའུ་པེའི་གྲོ་བརྔ་བསྡུའི་ལས་མཇུག་འགྲིལ་ཉེར་ཡོད་ཅིང་། ཧོ་ནན་དང་ཨན་ཧུའེ་ཡི་གྲོ་བཅུ་ཆ་གཅིག་ཙམ་བརྔ་བསྡུ་ཟིན་པ་དང་ཅང་སུའུ་དང་ཧྲའན་ཤིས་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་བརྔ་བསྡུ་བྱེད་འགོ་ཚུགས་ཡོད། ད་ལོའི“དབྱར་གསུམ”རིང་། རྒྱལ་ཡོངས་སུ་ཞིང་འཕྲུལ་སྣ་ཚོགས་ཁྲི་1700ལྷག་ཙམ་སྤྱོད་རྒྱུ་ཡིན་པའི་ནང་བརྔ་བསྡུ་མཉམ་སྤྱོད་འཕྲུལ་འཁོར་ཁྲི་80དང་ས་ཁུལ་བརྒལ་བའི་ལས་སྒྲུབ་ནང་ཞུགས་པའི་འཕྲུལ་འཁོར་ཁྲི་20ལྷག་ཙམ་ཡོད་པ་རེད།
ཉེ་དུས་དྲག་ཆར་བབས་མང་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ཧུར་ཐག་གཅོག་ཆེད། ཞིང་ལས་གྲོང་གསེབ་པུས་འབྲེལ་ཡོད་ཞིང་ཆེན་ལ་མགྱོགས་མྱུར་བྱ་སྤྱོད་སྤེལ་བར་མཛུབ་ཁྲིད་བྱས་ཏེ། ས་ཁོངས་ཀྱི་ཞིང་འཕྲུལ་སྤྱི་ཚོགས་ཅན་ཞབས་ཞུ་ལྟེ་གནས་3300ལྷག་ཙམ་དང་། ས་ཁོངས་ཀྱི་ཞིང་ལས་འཕྲལ་སྡོམ་གེགས་སེལ་ལྟེ་གནས་2000ལྷག་ཙམ། རྒྱུན་རྣམ་ཅན་གྱི་ཞིང་འཕྲུལ་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུ་རུ་ཁག་5900ལྷག་ཙམ་བཅས་སྒྲིག་འཛུགས་བྱས་ཤིང་། ཁྲབ་ཐག་བརྔ་བསྡུ་འཕྲུལ་འཁོར་ཁྲི་28ལྷག་ཙམ་དང་སྲོ་སྐམ་འཕྲུལ་འཁོར་ཁྲི་7ལྷག་ཙམ་སྐུལ་སློང་བྱས་ཏེ། སྨིན་པའི་གྲོ་མགྱོགས་མྱུར་བརྔ་བསྡུ་དང་སྲོ་སྐམ་བྱེད་དགོས་རིགས་སྲོ་སྐམ་ཐུབ་པའི་འགན་སྲུང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།