ཀྲུང་ཕའི་འགྱུར་མེད་ཀྱི་མཛའ་བརྩེ་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
ཅང་ཙའེ་ཏུང་།
འདི་ལོའི་ཟླ་5ཚེས་21ཉིན་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་དྲན་གསོའི་ཉིན་མོ་ཡིན། ལོ་75ཡི་རིང་སྐྱིད་སྡུག་མཉམ་མྱོང་བྱས་པས། ཀྲུང་ཕའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ལ་ཚོད་བགམ་ཐུབ་སྟེ་ཐོག་མཐའ་བར་གསུམ་དུ་བྲག་ལྟར་སྲ་ཞིང་རི་བོ་ལྟར་བརྟན་པོ་བྱུང་ནས“རི་བོ་ལས་དཔངས་མཐོ་བ་དང་། རྒྱ་མཚོ་ལས་གཏིང་ཟབ་པ། སྦྲང་རྩི་ལས་རོ་མངར་བ”བཅས་ཀྱི་འགྱུར་མེད་ཀྱི་མཛའ་བརྩེ་ཆགས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག རྒྱལ་ཁབ་གཉིས་པོས་དེ་བས་དམ་ཟབ་ཀྱི་དུས་རབས་གསར་པའི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་ནས། རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རླབས་གཤགས་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
གཙོ་བདག་ཕྱི་འབྲེལ་གྱིས་སྣེ་ཁྲིད་བྱས་ཏེ་མཛའ་བརྩེའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་བཏང་བ། ཀྲུང་ཕའི་སྲོལ་རྒྱུན་གྱི་མཛའ་བརྩེ་ནི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་བསྐྱངས་པ་ཡིན་ལ། དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཕྱི་འབྲེལ་བཙུགས་ཚུན་དུ། ཕྱོགས་གཉིས་པོའི་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་མཐུད་དམ་ཟབ་ཏུ་ཕྱིན་ནས། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་དང་ཁེ་ཕན་མཉམ་འདྲེས་ཀྱང་གཏིང་ཟབ་དང་ཏན་ཏིག་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོར་ཕ་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ཚུན་དུ། ཀྲུང་ཕའི་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2025ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཀྲར་ཏཱ་ལི་དང་ཙུང་ལི་ཤཱ་པཱ་ཙི་སོ་སོར་གྲོས་མོལ་མཇལ་འཛོམས་གནང་ནས་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་དང་འབྲེལ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་དེ་བས་དམ་ཟབ་ཀྱི་དུས་རབས་གསར་པའི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི་ཡང་བཏོན་ནས། ཀྲུང་ཕའི་འབྲེལ་བ་རྒྱང་ལམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། མི་རིང་བའི་གོང་། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏཱ་ལི་ཀྲུང་གོར་ཕེབས་ནས་ཧུའུ་ནན་ཞིང་ཆེན་དང་ཧའེ་ནན་ཞིང་ཆེན་ལ་འཚམས་འདྲི་གནང་ཞིང་། མཐོ་རིམ་དབར་མཉམ་འགུལ་ཡང་ཡང་བྱས་ཏེ་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཆབ་སྲིད་ཀྱི་སྣེ་ཁྲིད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
དངོས་སྒྲུབ་མཉམ་ལས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ཀུན་ཕན་དམངས་ཕན་གྱི་ཚད་ཤིང་བཏོད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ལ་ནུས་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་259ལྷག་ཟིན་པ་དང་ལས་ཞུགས་ལས་གནས་ཁྲི་26ལྷག་ཙམ་བཏོད་དེ། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་ཐུབ་པ་དང་ཆབས་ཅིག སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་དཔེ་སྟོན་རང་བཞིན་གྱི་འདུ་འགོད་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། བར་ཁྱམས་འཆར་འགོད་དང་བཀོད་སྒྲིག་བྱེད་པར་ཕ་ཁི་སི་ཐན་གྱི་ས་ཁུལ་ཁག་ལ་ཡང་ལྟ་རྟོག་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཕ་ཁི་སི་ཐན་གྱི་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་གསུངས་ཡོད། བར་ཁྱམས་འཛུགས་སྐྲུན“2.0རིམ་སྤོར་པར་གཞིར”སླེབས་པ་དང་བསྟུན་ཕྱོགས་གཉིས་པོས་ཐོན་ལས་དང་། ཞིང་ལས། གཏེར་ལས་བཅས་གཙོ་གནད་ཆེན་པོ་གསུམ་ལ་བརྩིས་ནས་འཕར་སྣོན་དང་། དམངས་འཚོ། གསར་གཏོད། ལྗང་མདོག སྒོ་དབྱེ་བཅས་ཀྱི“བར་ཁྱམས་ཆེན་པོ་ལྔ”མཉམ་སྐྲུན་བྱས་ཏེ། ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་དེ་བས་འཕེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མཉམ་སྤྱོད་བྱ་རྒྱུ་ཡིན་པ་རེད།
མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་བཞིན་ཡོད་ལ། ཕ་ཁི་སི་ཐན་གྱིས“ཕ་ཁི་སི་ཐན་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་གཏོང་བའི”འཆར་འགོད་ལ་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་པོ་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་དུས་སྐབས་གསར་རྐྱང་དང་གོ་སྐབས་གལ་ཆེན་འཕྲད་ཡོད། ང་ཚོས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་གོ་སྐབས་སུ་བྱས་ཐོག་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་། ཆུ་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རོགས་ལས་བཅས་དམ་ཟབ་ཏུ་གཏོང་བ་དང་ཆབས་ཅིག ཀྲུང་ཕའི་འབྲེལ་བའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་དུས་བབ་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅགས་ཏེ་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་དཔེ་སྟོན་ནུས་ལྡན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
(རྩོམ་པ་པོ་ནི་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།