དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོ་གསུམ་གྱི་བྱ་སྤྱོད་བཀོད་སྒྲིག་བྱས་པ།

    བྱིས་པའི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་སྐྱོབ་བཅོས་ཁྱོན་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་19ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་འབྱོར་གསལ། ཞིང་ཆེན་དེ་ཡོངས་ཀྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ཀྱི་ཆུ་ཚད་དང་བདེ་ཐང་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་སྐྱོབ་བཅོས་ལས་དོན་གྱི་བྱ་སྤྱོད་ཇུས་གཞི(2026ལོ་ནས་2028ལོ་བར)》བཀྲམ་སྟེ། ཞིང་ཆེན་དེ་ཡོངས་ཀྱི་ལོ་0ནས་18བར་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་རིམ་པ་དང་རིགས་དབྱེ་བའི་དབྱེ་བཤེར་སྐྱོབ་བཅོས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། 2028ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ལ་ཁྱབ་པའི་བྱིས་པའི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། སྐྱོབ་བཅོས་ཀྱི་ལས་ཕྱོད་དང་སྨན་བཅོས་ཀྱི་སྤུས་ཚད་རྒྱུན་མཐུད་མཐོ་རུ་བཏང་ནས་ནད་གཞི་ཕོག་པའི་བྱིས་པའི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་རྒྱུ་རེད།

    རིམ་དབྱེ་ནད་བརྟག་སྨན་བཅོས་ཐད། གཞི་རིམ་ནས་ཐོག་མའི་བརྟག་དཔྱད་དང་། རྫོང་རིམ་པས་བསྐྱར་དཔྱད། གྲོང་ཁྱེར(ཀྲོའུ)རིམ་པས་ནད་ངོ་འཛིན་པ། ཞིང་ཆེན་རིམ་པས་སྐྱོབ་བཅོས་བཅས་རིམ་པ་བཞིའི་རིམ་དབྱེ་དབྱེ་བཤེར་སྐྱོབ་བཅོས་མ་ལག་བཙུགས་ཏེ། རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་བརྟེན་ནས་ལོ་0ནས་6བར་གྱི་བྱིས་པར་དབྱེ་བཤེར་བྱེད་དགོས་རིགས་ཚང་མར་དབྱེ་བཤེར་ཐུབ་པ་བྱ་རྒྱུ་དང་། རྫོང་རིམ་པའི་སྨན་ཁང་གིས་ལོ་6ཡན་གྱི་བྱིས་པར་དབྱེ་བཤེར་དང་དེ་བཞིན་ཐོག་མའི་བརྟག་དཔྱད་གདགས་གཤིས་ཡིན་རིགས་བསྐྱར་བཤེར་བྱེད་འགན་འཁུར་རྒྱུ། ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པ་དུས་ཐོག་ཏུ་ཞིང་ཆེན་རིམ་པའི་དམིགས་འཛུགས་སྨན་ཁང་དུ་ཚད་ལྡན་སྐྱོབ་བཅོས་བྱེད་པར་སྐྱེལ་རྒྱུ་བཅས་རེད།

    ལག་རྩལ་འདེགས་སྐྱོར་ཐད། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དེ་ཞིང་ཆེན་ཡོངས་ཀྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བརྟག་དཔྱད་ཀྱི་དམིགས་འཛུགས་གསོ་སྦྱོང་སྒྲིག་གཞིར་གཏན་འཁེལ་བྱས་ཏེ། ཆེད་ལས་ཅན་གྱི་དབྱེ་བཤེར་དཔུང་ཁག་འཛུགས་རྩིས་ཡོད་ཅིང་། ཆ་བགོས་འགན་ལེན་དང་དམིགས་འཛུགས་སྐྱོབ་བཅོས་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཞིང་ཆེན་མི་དམངས་སྨན་ཁང་དང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། ཞིང་ཆེན་སྙིང་དང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་། མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་བཅས་ཞིང་ཆེན་རིམ་པའི་དམིགས་འཛུགས་སྨན་ཁང་6གཏན་འཁེལ་བྱས་ཏེ། ས་ཁོངས་ཆ་སྒྲིག་ལྟར་འགན་གཙང་བླངས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)དང་རྫོང(ཆུས)ཁག་གི་དབྱེ་བཤེར་སྐྱོབ་བཅོས་ལས་དོན་གྱི་འགན་འཁུར་རྒྱུ་དང་། སྨན་ཁང་བརྒལ་བའི་རིག་ཚན་མང་པོའི་ལྷན་འཛོམས་ནད་དཔྱད་བྱས་ཏེ་ཉེན་ཚབས་ཆེ་བ་དང་། རྩད་ཆོད་དཀའ་བ། རྙོག་འཛིང་ཆེ་བ་བཅས་ཀྱི་ནད་གཞི་སྨན་བཅོས་ནུས་ལྡན་ཐུབ་པར་བྱ་རྒྱུ་རེད།

    སྲིད་ཇུས་འགན་ལེན་ཐད། མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་བྱིས་པའི་ཚོགས་སྤྱིར་དམིགས་ནས་དམངས་སྲིད་དང་། སྨན་བཅོས་འགན་བཅོལ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་རོགས་སྐྱོབ་མ་དངུལ་རེ་ཞུ་བྱེད་རོགས་བྱེད་པ་དང་། ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་སོང་རྩིས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་ལ་མཉམ་འགུལ་བྱས་ནས་སྨན་བཅོས་དང་འཚོ་བར་རོགས་སྐྱོར་བཅས་བྱ་རྒྱུ་དང་། ས་ཁུལ་ཁག་གཅིག་གིས་སེམས་ཁམས་བདེ་ཐང་གི་ཁྲིད་སྟོན་དང་། གཤགས་བཅོས་བྱས་རྗེས་ཀྱི་བདེ་ཐང་སླར་གསོ། སློབ་སྦྱོང་ལ་རྒྱབ་སྐྱོར་སོགས་ལྷན་སྦྱར་ཞབས་ཞུ་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།