དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཆར་གཞི་ལེགས་པར་བཀོད། འབད་འཐབ་ཧུར་ཐག་བྱེད།

    “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་དུ་གློག་འོད་རབ་ཏུ་འཚེར་ཞིང་མི་ཚོགས་ཀྱིས་ཁེངས། དེ་ཡང་ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་ཚན་པ་གཙོ་བོ་ནས་ཡོང་བའི་གསར་འགོད་པ་40ལྷག་ཙམ་གྱིས་སྔ་ས་ནས་དེ་གར་པར་ལེན་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཏེ་གངས་ལྗོངས་ས་མཐོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་དང་འབྲེལ་བའི་གསལ་འགྲེལ་གལ་ཆེན་ཞིག་གནང་རྒྱུར་བསྒུགས་ནས་བསྡད་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་11ཙམ་ལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    “ད་ལོ་ནི‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པའི་ལོ་རེད”ཅེས་ཐད་ཀར་ཡོངས་བསྒྲགས་གནང་བ་དང་སྦྲགས། ཁུངས་འཕེར་བའི་གྲངས་གཞི་མང་པོ་ཞིག་ཡོངས་བསྒྲགས་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྔ་བསྟུད་མར་སྒོར་དུང་ཕྱུར་སྟོང་གཉིས་ཀྱི་དམིགས་ཚད་ལས་བརྒལ་བ་དང་ལོར་ཆ་སྙོམས་6.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་7.4%དང་9.7%སོ་སོར་འཕར་བ། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་བྱུང་ཡོད། སྡིངས་ཆའི་འོག་གི་གསར་འགོད་པས་མགྱོགས་མྱུར་ཟིན་ཐོར་འགོད་བཞིན་མགོ་ལྕོག་ལྕོག་ཡང་ཡང་བྱེད་བཞིན་མཆིས།

    དོ་ཁུར་ཆེ་ཤོས་བྱེད་པ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དེ་ཡིན་ཞིང་། ཡོངས་བསྒྲགས་བྱེད་མཁན་གྱིས། “4+4+X”དེང་རབས་ཅན་གྱི་ཐོན་ལས་མ་ལག་སྟེ། ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ལྗང་མདོག་གཏེར་ལས་བཅས་གཙོ་ཁྲིད་ཀྱི་ཀ་རྟེན་ཐོན་ལས་ཆེན་པོ་བཞི་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། འཛུགས་སྐྲུན་དང་ཨར་སྐྲུན་རྒྱུ་ཆ་དང་། བོད་ལུགས་གསོ་རིག་ལས་རིགས། ས་མཐོའི་ཡང་བའི་བཟོ་ལས། མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་བཅས་ཁྱད་ལྡན་དམངས་ཕན་ཐོན་ལས་ཆེན་པོ་བཞི་གོང་མཐོར་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། དམའ་དབྱིངས་དཔལ་འབྱོར། ཆིང་དབྱང་ཐོན་ལས། གསོག་ནུས་དཔེ་གསར་སོགས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་དགོས། དེ་དང་ཆབས་ཅིག“ལྟེ་གནས་གཅིག་གིས་སྣེ་ཁྲིད་དང་། ཤར་ནུབ་གཉིས་ཀྱིས་འདེགས་སྐྱོར། འགག་སྒོ་མང་པོ་མཉམ་འགུལ” བཅས་བྱེད་པའི་སྒོ་དབྱེའི་རྣམ་པ་ཞིག་བཏོད་དེ་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་གཏོད་རྒྱུའི་སྐོར་གསལ་པོར་བཤད་པས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་ཤིག་དལ་གྱིས་འདྲེན་བྱེད་ཡུལ་དུ་མངོན།

    གསར་འགོད་པའི་དྲི་བར་ལན་བསྐྱོན་པའི་སྐབས་སུ། སྨྱན་སྦྱོར་ཁག་གིས་གཅིག་རྗེས་གཉིས་མཐུང་ངང་དྲི་བ་བཏོན་པས་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཞིག་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས“‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་ད་དུང་ལས་ཀའི་འཆར་གཞི་གང་ཞིག་ཡོད་དམ”ཞེས་དྲི་བ་བཏོན་པ་དང་། དེ་རྗེས་དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་སྐོར་དང་། ཤིན་ཧྭ་གསར་འགྱུར་ཁང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་སྐོར་ལ་དྲི་བ་བཏོན་ཞིང་། ལྷ་ས་མཉམ་འདྲེས་སྨྱན་སྦྱོར་གྱིས“མཛེས་སྡུག་ལྡན་པའི་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་ལ་དྲི་བ་བཏོན་པ། མི་དམངས་ཉིན་རེའི་ཚགས་པར་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་སྐོར་ལ་དྲི་བ་བཏོན་པ། གནད་ལ་འཁེལ་བའི་དྲི་བ་འདི་དག་ལ་ཡོངས་བསྒྲགས་བས་ལྷག་བསམ་ཟོལ་མེད་ངང་ལན་བརྒྱབ་ནས་གཞི་ཆེའི་འཆར་འགོད་དེ་ཚོར་ཐུབ་པའི་དམངས་འཚོའི་དྲོ་སྐྱིད་ལ་འགྱུར་བར་བྱས་ཡོད།

    ཆུ་ཚོད་གཉིས་ཙམ་རིང་གི་ཡོངས་བསྒྲགས་ཚོགས་འདུར་ནང་དོན་མང་པོ་ཡོད་ཅིང་། ཡོངས་བསྒྲགས་ཚོགས་འདུ་གྲོལ་རྗེས། ཀྲུང་དབྱང་སྨྱན་སྦྱོར་གྱི་གསར་འགོད་པ་ཞིག་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་བསྟུད་མར་སྒོར་དུང་ཕྱུར་སྟོང་ལས་ཐེངས་གཉིས་བརྒལ་བ་དང་། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་སླར་ཡང་འབད་འཐབ་བྱས་ན་གྲུབ་འབྲས་ཐོབ་ངེས་པའི་ངར་ཤུགས་མངོན་པས། བོད་ཀྱི་འཕེལ་རྒྱས་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཕན་ཐོགས་ཀྱིས“ཡོངས་བསྒྲགས་ཚོགས་འདུ་ཧྲིལ་པོའི་ནང་དོན་གཏིང་ཟབ་ལ་མི་སེམས་དྲོ་བར་བྱེད་པ་ཞིག་འདུག ‘4+4+X’ཡི་ཐོན་ལས་མ་ལག་དང་སྒོ་དབྱེའི་བཀོད་པའི་འཆར་འགོད་ལས་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་ལམ་བུར་ངོས་འཛིན་དེ་བས་གསལ་པོ་བྱུང་སོང་། རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པ་ཞིག་ཡིན་པའི་ངོས་ནས་འཆར་གཞི་འདི་དག་དོན་དངོས་སུ་འགྱུར་བའི་ངོ་མཚར་ཆེ་བའི་སྐད་ཅིག་མ་པར་ལེན་ཟོན་འགོད་བྱེད་ཀྱི་ཡིན”ཞེས་བརྗོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ས་གསར་པར་ས་མཐོའི་བུ་ཕྲུག་ཚོས་སྤོབས་པ་ཆེར་བསྐྱེད་དང་གོམ་སྟབས་བརྟན་པོས་འཆར་གཞི་རེ་རེ་འགོད་པ་དང་གོམ་པ་རེ་རེ་བཞིན་མདུན་དུ་བརྟན་པོ་སྐྱོད་བཞིན་ཡོད་པས། དེ་བས་ཡིད་ཆེས་དང་། སྒོ་དབྱེ། དར་རྒྱས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གྱིས་གོམ་ཞེང་ཆེན་པོས་ལོ་ལྔ་ཚན་རྗེས་མར་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།