དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་གིས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    ད་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་འཛུགས་བྱེད་སྒོ་གོ་སྐབས་སུ་བཟུང་བ་དང་། སྲིད་དོན་ཞབས་ཞུའི་ཚོམས་ཆེན་ཚད་ལྡན་ཅན་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཐ་སྐྱོང་སྐར་ཁུང་འཛུགས་པ་དང་། ཞབས་ཞུའི་དོན་ཚན་མཉམ་འདུས། ཚབ་སྒྲུབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམངས་ཕན་བྱ་ཐབས་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད། སྲིད་དོན་ཞབས་ཞུ“སྒྲུབ་ཐུབ་པ”ནས“ཡག་པོ་སྒྲུབ་པ་དང་། མགྱོགས་པོ་སྒྲུབ་པ། སེམས་རྩ་འཁོལ་པོས་སྒྲུབ་པ”བཅས་ཀྱི་བར་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།

    སོག་རྫོང་གི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བྱང་བུ་མངོན་གསལ་དོད་པོ་ཞིག་བཀལ་ཡོད་པ་དེ་ནི“དོན་དག་སྒྲུབ་མི་ཐུབ་པའི”བསམ་འཆར་གོང་ཞུའི་སྐར་ཁུང་རེད། སྐར་ཁུང་དེ་ནས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་གནད་དོན་དམིགས་སུ་ཐག་གཅོད་བྱེད་ཀྱི་ཡོད།

    སྐར་ཁུང་གི་ལས་དོན་མི་སྣས་ཡིག་ཚགས་བོར་བརླག་ཏུ་སོང་བ་དང་། འགྲོ་ལུགས་ཆ་ཚང་པོ་མེད་པ། སྡེ་ཚན་དབར་མཐུན་སྦྱོར་ཡག་པོ་བྱེད་མི་ཐུབ་པ་སོགས་རྒྱུན་དུ་ཐོན་མང་བའི་གནད་དོན་ལ་རང་འགུལ་ངང་དམིགས་པ་དང་། མཉམ་འབྲེལ་ཞིབ་དཔྱད། མཉམ་སྒྲུབ་ཐག་གཅོད་བཅས་བྱས་ནས། བདག་སྤྲོད་བྱ་ཐབས་དང་ཡུག་སྦྲེལ་མཐུན་སྦྱོར་སོགས་ཀྱི་དམངས་ཕན་ལམ་སྲོལ་གང་ལེགས་སྤྱད་ནས། བརྒྱུད་རིམ་ཧྲིལ་པོ་རྗེས་འདེད་དང་དུས་བཀག་ནང་སྒྲུབ་གཉེར་ཐུབ་པ་བྱེད་ཀྱི་ཡོད།

    “དོན་དག་སྒྲུབ་མི་ཐུབ་པའི”གནད་དོན་ཐག་གཅོད་བྱེད་པ་དང་འབྲེལ། ད་དུང་སོག་རྫོང་གིས“མགྱོགས་པོ་སྒྲུབ་པ”དང“ཡག་པོ་སྒྲུབ་པའི”ཐད་ཤུགས་སྣོན་བརྒྱབ་སྟེ། སྡེ་ཚན་དབར་གྱི་བཀག་རྒྱ་མེད་པར་བཟོ་བ་དང་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། སྲིད་དོན་ཞབས་ཞུའི་སྐར་ཁུང་དེ་ཉིད་ཚད་ལྡན་ཅན་དང་ཕྱོགས་བསྡུས་ཅན་གྱི་ཕྱོགས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བས། ལས་སྒྲུབ་ཀྱི་བརྒྱུད་རིམ་ཧ་ཅང་ཐུང་དུ་ཕྱིན་པ་དང་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    མིག་སྔར། སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནང་ཞིང་ལས་དངུལ་ཁང་གི་དངུལ་རྩའི་སྐར་ཁུང་བཀོད་སྒྲིག་བྱས་པས། སྤྱི་ཚོགས་འགན་སྲུང་གཱ་བཟོ་བ་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་གྱི་ནུས་པ་སློང་བ་སོགས་ཀྱི་ལས་སྒོ་ཁག་10ལྷག་ཙམ་དེ་ནས་གཅིག་འཐུས་སྒྲུབ་གཉེར་བྱེད་ཆོག་གི་ཡོད། ཁེ་ལས་ཀྱི་སྒྲུབ་གཉེར་ཁུལ་དུ་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་ཡོད་དེ། མང་ཚོགས་ཀྱིས་ཚོང་གཉེར་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་སྤྱད་དེ་སྐར་མ་བཅུའི་ནང་ཐེལ་ཙེ་རྐོ་བའི་ལས་སྒོ་སྒྲུབ་ཐུབ་པས། དེ་སྔོན་ཁེ་ལས་ཀྱི་ཐེལ་ཙེ་བཟོ་སྐབས་དུས་ཚོད་མང་པོ་འགོར་བ་དང་བརྒྱུད་རིམ་རྙོག་འཛིང་ཆེ་བ་བཅས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་ནས། གཉེར་སྐྱོང་བྱེད་པོའི་ཁུར་པོ་ཡང་དུ་དང་ལས་ཕྱོད་ཆེ་རུ་བཏང་ཡོད།

    ལས་སྒྲུབ་ཀྱི་བརྒྱུད་རིམ་དེ་བས་ཚད་ལྡན་དང་། སྐྱོན་བྲལ། སྟབས་བདེ་བཅས་ཡོང་ཆེད། སོག་རྫོང་གིས་རྒྱུན་དུ་སྒྲུབ་གཉེར་བྱེད་མང་བའི་དོན་ཚན་ཁག་31གསེད་བཀྲོལ་བྱས་ཏེ་ཚད་ལྡན་ཅན་གྱི་ལས་རིམ་དཔེ་རིས་ཁྱབ་བསྒྲགས་བྱས་པས། སྒྲུབ་གཉེར་དཔྱད་གཞི་དང་། སྒྲུབ་གཉེར་དུས་བཀག སྒྲུབ་གཉེར་བརྒྱུད་རིམ་བཅས་ཁ་གསལ་གཏིང་གསལ་ཡོད་པ་རེད།

    སེམས་རྩ་འཁོལ་བའི་ཞབས་ཞུ་དེ་ཞིབ་ཕྲའི་ཆ་ལས་མངོན་ཞིང་། སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བློ་འདྲི་ཁྲིད་སྟོན་ཁུལ་དང་གོགས་རྐྱེན་མེད་པའི་བགྲོད་ལམ་ཚད་ལྡན་བཀོད་སྒྲིག་བྱས་པ་དང་། མཉམ་སྤྱོད་རྐུབ་སྟེགས་འཁོར་ལོ་དང་དམངས་ཕན་ཉི་གདུགས་སོགས་ཀྱི་སྒྲིག་བཀོད་ཆ་ཚང་པོ་ཡོད། ཐེམ་ཐོའི་སྐར་ཁུང་དུ་འཚང་གཡོལ་དང་ཞབས་ཞུའི་དུས་ཚོད་རིང་དུ་བཏང་སྟེ་ཉིན་གུང་གི་ངལ་གསོ་དང་གཟའ་མཇུག་གི་དུས་ཚོད་གང་ལེགས་སྤྱད་དེ་འབྲེལ་ཡོད་ལས་སྒོ་གཉེར་བ་དང་། བྱ་ཐབས་དེས་ཉིན་5ཡི་ནང་རྒྱུགས་སྤྲོད་སློབ་མ་500ལྷག་ཙམ་ལ་གཅིག་སྡུད་ཐོག་ཐོབ་ཐང་ལག་ཁྱེར་བཟོ་རོགས་བྱས་ནས་སློབ་མའི་ཚོགས་སྤྱིའི་ལས་སྒྲུབ་དུས་ཚོད་དང་འགལ་ཟླ་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་པ་རེད།

    དེ་དང་དུས་མཚུངས། རྫོང་དེས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྒྲུབ་རོགས་དང་ཚབ་སྒྲུབ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། “གྲོང་ཚོ་རིམ་པས་རེ་ཞུ་བསྡུ་རུབ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱིས་ཐོག་མའི་ཞིབ་དཔྱད་བྱེད་པ། རྫོང་རིམ་པས་སྒྲུབ་གཉེར་བྱེད་པ”བཅས་ཀྱི་གདུབ་ཟུམ་ཞབས་ཞུའི་རྣམ་པ་འཛུགས་གཏོད་བྱས་ཡོད། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིས་བརྒྱུད་རིམ་ཧྲིལ་པོའི་རིན་མེད་སྒྲུབ་རོགས་དང་ཚབ་སྒྲུབ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒྲུབ་རོགས་དང་ཚབ་སྒྲུབ་རྣམ་པ་བརྒྱུད་དོན་ཚན་ཁག་9590ལྷག་ཙམ་བསྒྲུབས་ཏེ། དམིགས་བསལ་ཚོགས་སྤྱི་ལས་དོན་སྒྲུབ་པར་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་དངོས་སུ་མངོན་འགྱུར་ཐུབ་ཡོད།

    སོག་རྫོང་གིས་སྲིད་དོན་སྐར་ཁུང་ཆུང་ཆུང་དེ་དག་ལ་བརྟེན་ནས་དམངས་འཚོའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ཁུར་ཏེ། རྒྱུན་མཐུད་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། དམངས་འཚོའི་དྲོད་ཚད་མངོན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། དམངས་འཚོའི་བདེ་སྐྱིད་ལམ་བུ་སྔར་བས་རྒྱ་ཆེར་གཏོང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།