དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “རྨང་གཞི་བརྟན་པོ་བཏིང་ཐུབ་ཚེ་གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ”

    ཆབ་མདོ་གྲོང་ཁྱེར་རྔེ་གཤིས་ཤང་གིས་འགྲན་རའི་རྩལ་ནུས་དམངས་འཚོར་མངོན་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    གསར་འགོད་པ་ཆབ་མདོ་གྲོང་ཁྱེར་གྱི་ལམ་ཟུར་སྤྱི་གླིང་སྐྲུན་ཡུལ་དུ་འབྱོར་སྐབས་ཉི་མ་ཚ་སྒང་རེད་འདུག སྤྱི་གླིང་འགྲམ་དུ་ཉེ་འཁོར་གྱི་རི་ནས་དབོར་བའི་རྡོ་སྤུངས་ཡོད་པ་དང་། རྡོ་བཟོ་རྒན་གྲས་བསོད་ནམས་འཇིགས་མེད་ཀྱིས་རྡོ་ཐོ་སྤྱད་ནས་ནས་རྡོ་ལ་བཟོ་ལྟ་འདོན་བཞིན་འདུག རྡོའི་བཟོ་ལྟ་ལེགས་པོ་ཆགས་རྗེས་ཁོང་གིས་འཁྲིས་སུ་ཡོད་པའི་ལས་རོགས་ཕག་སྐྱག་ལ“འདི་རྩིག་ཟུར་དུ་རྩིགས་ཤིག”ཅེས་བརྗོད།

    ཕག་སྐྱག་ད་ལོ་ལོ་54ལ་སླེབས་པ་དང་། ཁོང་ཡང་ཨར་ལས་རུ་ཁག་ནང་གི་རྡོ་བཟོ་ཆེ་མོ་བའི་གྲས་རེད། ཁོང་གིས་རྡོའི་ཆེ་ཆུང་ཏག་ཏག་ཡིན་མིན་བལྟས་རྗེས་བརྟན་པོར་བརྩེགས་པ་དང་། དེ་རྗེས་རྡོ་ལེབ་ཁ་ཤས་བཙལ་ནས་ལྷན་པའི་ཚབ་ཏུ་བརྩེགས། རྩིག་པ་རྒྱག་སྐབས་ལས་རོགས་གཉིས་པོ་ཁ་བརྡ་གློད་ཀྱང་ལས་ཀར་འཐུས་ཤོར་གཏན་ནས་གཏོང་གི་མེད།

    འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ལམ་ཟུར་སྤྱི་གླིང་ལས་ཡུལ་གྱི་རྣམ་པ་ཞིག་རེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་རྩིག་རྒྱག་འགྲན་བསྡུར་སྐབས་གཉིས་པ་མཇུག་འགྲིལ་ཙམ་ཡིན་པ་དང་། འགྲན་རར་ངོམ་པའི་ལག་རྩལ་དེ་དག་ཀྱང་གཟེངས་བསྟོད་ལག་ཁྱེར་དང་མཉམ་དུ་སྒམ་ནང་བླུགས་ནས་མ་བཞག་པར་ལས་ཡུལ་ཆེ་གྲས་ཁག་ཏུ་མངོན་བཞིན་ཡོད། རྩིག་པ་མཐོན་པོ་རེ་རེ་བཞིན་བརྩིགས་ཤིང་། འགྲན་བསྡུར་བྱེད་སྐབས“རྩལ་འགྲན”གྱི་ངར་ཤུགས་དེས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཡང་བག་ཆགས་བཟང་པོ་འཇོག་གི་ཡོད།

    ཁ་རུབ་ཆུས་རྔེ་གཤིས་ཤང་གི་སྲིད་འཛིན་གྲོང་ཚོ་10ནས་བདམས་པའི་ལག་རྩལ་རྐང་འཛིན་པའི་ཨར་ལས་རུ་ཁག་ནི་བསོད་ནམས་འཇིགས་མེད་ཀྱིས་འགོ་ཁྲིད་ཀྱི་ཡོད། ཁོང་ལོ་17ནས་བཟུང་བོད་བཟོའི་རྩིག་པ་བརྩིགས་ནས་ད་བར་ལོ་30ལྷག་ཙམ་ལས་ཀ་དེ་བྱས་ནས་སྔ་རྗེས་སུ་དགེ་ཕྲུག་བཅུ་ལྷག་ཙམ་ཁྲིད་པ་དང་ཁག་གཅིག་ལ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་རྩིག་རྒྱག་འགྲན་བསྡུར་ནང་ཨང་རིམ་ཐོབ་མྱོང་ཡོད།

    ཁོང་ཚོའི་ལག་ཤེས་ཀྱང་ཡུན་རིང་རྡོ་བརྩིགས་པ་ལས་བྱང་ཆུབ་པ་ཞིག་རེད། བོད་བཟོའི་རྩིགས་སྐབས་མིག་ཟུང་དང་ལག་པ་གཉིས་ལ་བརྟེན་དགོས་པ་སྟེ། རྡོ་འདེམས་པ་དང་། བཟོ་ལྟ་འདོན་པ། རྩིག་ངོས་སྙོམས་པ་བཅས་བྱེད་དགོས་པ་མ་ཟད་། རྡོ་ཆེ་ཆུང་སྤེལ་མར་བརྩིགས་དགོས་པ་དང་ད་དུང་ཧ་ཅང་འདྲོང་བའི་རྩིག་ཟུར་ཡག་པོ་འདོན་དགོས་ཀྱི་ཡོད། ལག་ཆ་ཡང་རྡོ་ཐོ་ཞིག་ལས་ཆུ་སྙོམས་དཔྱད་ཆས་དང་གཅོད་འབྲེག་འཕྲུལ་ཆས་སོགས་གང་ཡང་མེད། སྔོན་ཆད་རྡོ་བཟོ་བ་གསུམ་གྱིས་ཉིན་གཉིས་ནང་རྩིག་པ་ངོས་གཅིག་བརྩིགས་ཀྱི་ཡོད་པ་དང་། ད་ཆ་རྡོ་བཟོ་བ་གཉིས་ཀྱིས་ཉིན་གཅིག་དང་ཕྱེད་ཀའི་ནང་ལས་ཀ་དེ་ཚར་གྱི་ཡོད། དེས་མ་ཚད་རྩིག་ངོས་ཧ་ཅང་འདྲོང་པོ་ཡོད།

    ལམ་ཟུར་སྤྱི་གླིང་གི་ལྩགས་རི་དེ་ཡང་རྔེ་གཤིས་ཤང་གི་ཨར་ལས་རུ་ཁག་གིས་གྲོང་ཁྱེར་དུ་འགན་གཙང་བླངས་པའི་ལས་གྲྭ་ཆེན་པོ་ཞིག་ཡིན་པ་དང་། ངལ་རྩོལ་གླ་ཆ་དེ་མི་གྲངས་དང་ཉིན་གྲངས་ལ་གཞིགས་ནས་རྩིས་རྒྱག་གི་ཡོད་པ་རེད། རྡོ་བཟོ་བ་ཚོས་ཁོག་རྩིས་རྒྱག་སྐབས། ཉིན་གླ་སྒོར་400ཡོད་པ་དང་། ཟླ་གཅིག་དང་ཕྱེད་ཀའི་ནང་རེས་མོས་ཀྱིས་ལས་ཀ་ཡག་པོ་བྱས་ཚེ་ཡོང་འབབ་མང་པོ་ཡོང་བར་ཐེ་ཚོམ་གཏན་ནས་བྱེད་དགོས་མེད། ཡོང་འབབ་དེ་དག་ཁྱིམ་ཚང་ཚང་མའི་ལག་ཏུ་འབྱོར་སྐབས་དེ་ནི་འབྲི་གཡག་གི་གཟན་ཆག་ཉོ་བའི་མ་གནས་ཡིན་སྲིད་ལ། ཕྲུ་གུ་ཚོའི་དཔེ་ཁུག་ནང་གི་ཡིག་ཆས་གསར་པ་ཡང་ཡིན་སྲིད།

    ས་སྲོད་དུ་ལས་མཇུག་འགྲིལ་རྗེས་ལས་ཡུལ་དུ་རིམ་བཞིན་མི་ཉུང་དུ་འགྲོ་གི་འདུག ལ་ལ་གྱོན་གོས་སྟེང་འགོས་པའི་ཐལ་རྡུལ་རྡེབ་བཞིན་ཡོད་པ་དང་། ལ་ལས་ད་དུང་སང་ཉིན་རྩིག་པ་གང་ནས་རྩིགས་དགོས་མིན་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད། བསོད་ནམས་འཇིགས་མེད་ཀྱིས་རྡོ་ཐོ་ལག་ཁུག་ནང་བཅུག་ནས་གྱོན་གོས་སྟེང་འགོས་པའི་ཐལ་རྡུལ་རྡེབ་བཞིན“རྩིག་པ་བརྟན་པོ་བརྩིགས་ཐུབ་ན་གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།