“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”གྱི་སྤུས་རྟགས་གོ་ལ་ཧྲིལ་པོར་ཡོངས་བསྒྲགས་ཐོག་མར་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 2026ལོའི་འཛམ་གླིང་སྤུས་རྟགས་ཀྱི་མོ་ཀན་ཧྲན་ཚོགས་ཆེན་ཐོག མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཨུད་རྩ་འཛུགས་པུའུ་མཚོ་སྐྱོར་གཞུང་ལས་ཁང་དང་། ཀྲེ་ཅང་མཚོ་སྐྱོར་བཀོད་འདོམས་པུའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་བཅས་དང་མཉམ་དུ་ཤིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་ལག་གདང་སྦྲེལ་ནས་མཚོ་སྔོན་སྤུས་རྟགས་ཀྱི་རིམ་འདས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། “མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གོ་ལ་ཧྲིལ་པོར་ཕྱོགས་ནས་ཡོངས་བསྒྲགས་ཐོག་མར་བྱས་ཡོད། དེ་ཐོག་ནས་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་སྤུས་རྟགས་དེ་ཚད་ལྡན་ཅན་གྱི་གཉེར་སྐྱོང་དང་། མ་ལག་ཅན་གྱི་སྐྱེད་སྲིང་། གོ་ལ་ཧྲིལ་པོ་ཅན་གྱི་ཁྱབ་སྤེལ་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་དངོས་སུ་སླེབས་པ་མཚོན་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཐོག “མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”ཞེས་པའི་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་། སྤུས་རྟགས་ཀྱི་ཆེད་གཏོགས་LOGOཁྱབ་བསྒྲགས་བྱས་ནས་སྤུས་རྟགས་ཀྱི་ལྟེ་བའི་ནང་དོན་དང་། ཐོན་ལས་འདེགས་སྐྱོར་མ་ལག ཕུགས་ཀྱི་འཕེལ་རྒྱས་ཐབས་ལམ། དུས་རབས་ཀྱི་འཐབ་ཇུས་རིན་ཐང་བཅས་གསལ་འགྲེལ་ཆ་ཚང་པོ་བྱས་ཡོད། མཚོ་ནུབ་ཀྲོའུ་སྲིད་གཞུང་གིས་མཚོ་ནུབ་ཀྲོའུ་ཡི“ཁུལ་བཞི”འཛུགས་སྐྲུན་གྱི་ཐོན་ལས་ལེགས་ཆ་འོས་སྦྱོར་བྱས་པ་མ་ཟད། མཚོ་ནུབ་ཀྲོའུ་ཡི“ངོ་མཚར་ཆེ་བའི་ཚྭ་འདམ”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱང་ཁྱབ་བསྒྲགས་བྱས་ཡོད། སྤུས་རྟགས་ཆེན་པོ་གཉིས་ཀྱི་ཁྱབ་སྤེལ་བྱ་སྤྱོད་རྒྱལ་སྤྱིའི་རྩེར་སོན་སྤུས་རྟགས་ཀྱི་འདུ་ཚོགས་གཟབ་རྒྱས་ཐོག་དུས་གཅིག་ཏུ་བཏོན་ནས་དུས་རབས་གསར་པའི་མཚོ་སྔོན་དང་ཀྲེ་ཅང་རོགས་ལས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་གང་ལེགས་མངོན་ནས་མཚོ་སྔོན་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཨང་རིམ་རྒྱུན་མཐུད་ལེགས་སུ་བཏང་སྟེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་དང་། གསབ་པ། སྟོབས་ཆེར་འགྲོ་བ་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།
“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”ནི་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚུགས་གནས་མཐོ་པོས་ཇུས་འགོད་དང་སྤྱི་འདོམས་བཀོད་སྒྲིག་བྱས་པ་ཞིག་དང་། ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་སྐྲུན་བྱས་པ་དང་འགྲིལ་ཤུགས་བཏོན་ནས་གཏོད་པའི་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟཌ་ཤིག་ཡིན་པ་དེ་མཚོ་སྔོན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་དང་། རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གྲོང་ཁྱེར་གྱི་གཟུགས་བརྙན་ཁྱབ་སྤེལ་བཅས་ཀྱི་IPགལ་ཆེན་དང་ཐོན་ལས་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།
ཤང་ཀང་དུ་ཡོངས་བསྒྲགས་ཐོག་མར་བྱས་ཚུན། “མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”སྤུས་རྟགས་དེ་སྔ་རྗེས་སུ་ཕྱི་འབྲེལ་པུའུ་དང་། སྤྱི་བདེ་པུའུ། ཚོང་དོན་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་དུ་ཁྱབ་སྤེལ་བྱས་ལ། པེ་ཅིང་དང་། ཧྲང་ཧའེ། ཤིས་ཨན། ཧང་ཀྲོའུ། ཨའོ་མོན་སོགས་གཙོ་གནད་གྲོང་ཁྱེར་དང་ཞིང་ཆེན་ནང་ཁུལ་གྱི་ས་གནས་མང་པོར་མྱོང་དཔྱད་དང་ཁྱབ་གདལ་བྱེད་སྒོ་སྤེལ་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་། དམངས་སྲོལ་གྱི་ཉམས་སྣང་། འཕེལ་རྒྱས་ཀྱི་འགྱུར་ལྡོག་བཅས་མངོན་པའི་སྐར་ཁུང་གལ་ཆེན་དུ་གྱུར་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་སྨི་ངོས་གྲུ་504ཟིན་པའི“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”གྱི་ཆེད་གཏོགས་མྱོང་དཔྱད་ཆེད་ཁུལ་བཙུགས་ཏེ་མཚོ་སྔོན་དང་ཀྲེ་ཅང་ས་གནས་གཉིས་ཀྱི་བཟའ་བཏུང་དང་བཟའ་བཅའི་སྣེ་འདྲེན་ཁེ་ལས་26དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་60ལྷག་ཙམ་འདུས་ཏེ་ཞིམ་ཟས་མྱོང་དཔྱད་དང་། མངོན་མིན་རིག་གནས་ཤུལ་བཞག་སྐོང་འཁྲབ། ཐོན་ལས་སྦྲེལ་མཐུད། སྤྲོད་མཁོའི་གྲོས་མོལ་བཅས་བྱས་ནས་མི་རིགས་ཀྱི་བཟའ་བཏུང་རྒྱུན་འཛིན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་གསར་གཏོད། མཚོ་སྔོན་དང་ཀྲེ་ཅང་གི་བཟའ་བཏུང་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཏེ“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”ཕུགས་ཕན་སྐྱེད་སྲིང་བྱེད་པ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་ལ་མཐུན་རྐྱེན་སྦྱར་ཡོད།
འབྲེལ་ཡོད་གསར་འགྱུར།