དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཇི་ལྟར་བྱས་ན“སློབ་རའི་ཟ་མ”སྔར་བས་བདེ་འཇགས་ཡོང་ངམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཝུའུ་ཏན།   |     སྤེལ་དུས།  2026-05-31

    ཕྲུ་གུ་ཚོའི་བཟའ་བཅའི་བདེ་འཇགས་ལ་ཁྱིམ་ཚང་ཁྲི་སྟོང་མང་པོས་དོ་ཁུར་བྱེད་ཀྱི་ཡོད། སྤུས་ཀ་ལེགས་པའི“སློབ་རའི་ཟ་མས”གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འཚོ་བཅུད་ཀྱི་འགན་ལེན་བྱེད་ཐུབ།

    སློབ་གྲྭའི་བཟའ་བཅའ་བདེ་འཇགས་ཇི་ལྟར་སྲུང་སྐྱོང་བྱེད་དགོས་སམ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་འདིར་གསར་འགོད་པས་སློབ་གསོ་པུའུ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་རེད།

    བཟའ་བཅའི་རྒྱུ་ཆའི་བདེ་འཇགས་དང་མི་སྣའི་བྱང་ཚད་ཇི་ལྟར་འགན་ལེན་བྱེད་དགོས་སམ།

    ཀློག་པ་པོའི་དོ་ཁུར། “སློབ་རའི་ཟ་མ”ཡག་པོ་བཟོ་བར་བཟའ་བཅའི་རྒྱུ་ཆའི་བདེ་འཇགས་དང་ལས་ཞུགས་མི་སྣའི་བྱང་ཚད་ནི་འགག་རྩ་ཡིན། དེའི་ཐད་ལྟ་འདོམས་བྱེད་ཐབས་གང་དག་ཡོད་དམ།

    “སློབ་རའི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགག་རྩ་ནི་སློབ་གྲྭའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་། ཞིབ་བཤེར་རྩིས་ལེན། ཉར་ཚགས། ལས་སྣོན། ཟ་མ་མཁོ་འདོན། ལས་ཞུགས་མི་སྣར་དོ་དམ་སོགས་ཀྱི་འགག་སྒོ་ནན་པོར་སྲུང་དགོས”ཞེས་འགན་འཁུར་བ་དེས་བཤད།

    བཟའ་བཅའི་རྒྱུ་ཆར་དོ་དམ་བྱེད་པའི་ཐད། ཉེ་བའི་ལོ་ཤས་རིང་། སློབ་གསོ་སྡེ་ཚན་གྱི་མཛུབ་ཁྲིད་ལྟར། ས་གནས་ཁག་གི་སློབ་གྲྭས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ཞིབ་བཤེར་རྩིས་ལེན་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཐོག་འབྲས་དང་། གྲོ་ཞིབ། སྣུམ། ཤ སྒོ་ང་། འོ་མ་སོགས་བཟའ་བཅའི་རྒྱུ་ཆ་འབོར་ཆེན་ལ་དམ་པོར་དམིགས་ནས། མཁོ་འདོན་བྱེད་མཁན་གྱི་འོས་ཐོབ་ལ་ཞིབ་བཤེར་ནན་པོ་དང་ཐུན་མོང་ཐོག་ཞིབ་བཤེར་རྩིས་ལེན་བྱེད་ཀྱི་ཡོད་པས་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡིན། དེ་དང་ཆབས་ཅིག བཟའ་བཅའི་རྒྱུ་ཆ་ཉར་ཚགས་དང་། ལས་སྣོན། ལྟོ་སྣོད་གཙང་འཁྲུད་དུག་སེལ། བཟའ་བཅའི་མ་དཔེ་ཉར་བ་སོགས་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་ཡང་རྒྱག་གི་ཡོད།

    བཟའ་བཅའི་རྒྱུ་ཆར་དོ་དམ་ཡག་པོ་བྱེད་དགོས་ལ་ལས་ཞུགས་མི་སྣར་ཡང་དོ་དམ་ཡག་པོ་བྱེད་དགོས། ད་ལོའི་ཟླ་གསུམ་པར། སློབ་གསོ་པུས་སློབ་རའི་བཟའ་བཅའི་བདེ་འཇགས་ཀྱི“ངེས་པར་དུ་བྱེད་དགོས་པ་བཅུ”དང་སློབ་གྲྭའི་ཟ་ཁང་གི་ལས་དོན་པའི“བྱེད་མི་ཆོག་པ་བཅུ”བཏོན་ནས་བཀོལ་སྤྱོད་ཚད་གཞིའི་དམར་ཐིག་བཟོས་པ་སྟེ། ཟ་ཁང་གི་ལས་ཞུགས་མི་སྣས་ངེས་པར་དུ་གོ་ཆོད་པའི་བདེ་ཐང་དཔང་ཡིག་ཁྱེར་ནས་ལས་གནས་སུ་སྐྱོད་དགོས་ལ་ལོ་ལྟར་བདེ་ཐང་བརྟག་དཔྱད་བྱེད་དགོས། ལོ་འཁོར་གྱི་གསོ་སྦྱོང་འཆར་གཞི་བཟོས་ནས་ལས་ཞུགས་མི་སྣར་བཟའ་བཅའི་བདེ་འཇགས་སྐོར་གྱི་ཤེས་བྱ་གསོ་སྦྱོང་སོགས་བྱེད་དགོས།

    ཁྱིམ་བདག་གིས་ཁ་ལག་གི་ཡག་ཉེས་ཇི་ལྟར་རྒྱུས་ལོན་བྱེད་དགོས་སམ།

    ཀློག་པ་པོའི་དོ་ཁུར། ཁྱིམ་བདག་ཚོས“སློབ་རའི་ཟ་མའི”ཡག་ཉེས་ཇི་ལྟར་ཤེས་རྟོགས་བྱེད་དགོས་སམ། གལ་སྲིད་ཟ་མའི་སྤུས་ཚད་ལ་དོགས་པ་ཡོད་ན་ཇི་ལྟར་བྱེད་དགོས་སམ།

    ཁྱིམ་བདག་ནི་སློབ་མའི་སློབ་གྲྭའི་བཟའ་བཅའི་གནས་ཚུལ་ཤེས་རྟོགས་བྱེད་མཁན་གལ་ཆེན་ཞིག་ཡིན་ལ“སློབ་རའི་ཟ་མར”ལྟ་སྐུལ་བྱེད་མཁན་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སློབ་གྲྭས་ཟས་ཐོ་དང་། ཁ་ལག་མཁོ་འདོན་བྱེད་སྟངས། ཞུ་གཏུག་ཐབས་ལམ་སོགས་ཀྱི་ཆ་འཕྲིན་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས། ཆ་རྐྱེན་འཛོམས་རིགས་ཀྱིས་ད་དུང“ཐབ་ཚང་ཕྱི་གསལ་ནང་གསལ”དང་བཟའ་བཅའི་རྒྱུ་ཆ་དོ་དམ་ལས་སྟེགས་སོགས་བརྒྱུད་ཁྱིམ་བདག་གིས་སློབ་མ་སློབ་གྲྭར་ཁ་ལག་ཟ་བའི་གནས་ཚུལ་ཤེས་རྟོགས་བྱེད་པར་སྟབས་བདེ་སྐྲུན་དགོས།

    སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བཟའ་བཅའ་ལྟ་སྐུལ་ཁྱིམ་བདག་ཨུ་ཡོན་ལྷན་ཁང་གི་ལས་ཀའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས། ཁྱིམ་བདག་གིས་སྒོ་དབྱེའི་ཉིན་མོ་དང་མཉམ་དུ་ཁ་ལག་ཟ་བ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱུན་གཏན་གྱི་ལྟ་སྐུལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

    གལ་ཏེ་ཟ་མའི་སྤུས་ཚད་དང་འཕྲོད་བསྟེན་གྱི་གནས་ཚུལ་སོགས་ལ་དོགས་པ་ཡོད་ན། སློབ་གྲྭ་དང་ཟ་ཁང་གི་དོ་དམ་མི་སྣའམ་ཡང་ན་བཟའ་བཅའ་ལྟ་སྐུལ་ཁྱིམ་བདག་ཨུ་ཡོན་ལྷན་ཁང་ལ་ཞུས་ན་འགྲིག ད་དུང་མུ་མཐུད་ཞུ་དགོས་པའི་གནད་དོན་ཡོད་ཚེ་གཏོགས་ཁོངས་དེའི་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་སོགས་ལ་ཞུས་ན་འགྲིག ཞུས་པའི་གནད་དོན་དག་སློབ་གྲྭ་དང་འབྲེལ་ཡོད་ཕྱོགས་ཀྱིས་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་བཤེར་ནན་ཏན་བྱས་ནས་ཨ་ལན་སློག་དགོས།

    རིག་ནུས་ལྟ་འདོམས་ཇི་ལྟར་སྤྱོད་གོ་ཆོད་པར་བྱེད་དགོས་སམ།

    ཀློག་པ་པོའི་དོ་ཁུར། གོ་ཐོས་ལྟར་ན་ས་ཆ་ཁ་ཤས་སུ“སློབ་རའི་ཟ་མའི”རིག་ནུས་ལྟ་འདོམས་ཐབས་ལམ་ཁྱབ་གདལ་བཏང་ཡོད་པ་དང་། བྱེད་ཐབས་གསར་པ་དེ་དག་གོ་ཆོད་པོ་ཡོད་དམ།

    མིག་གིས་མཐོང་ན་ད་གཟོད་དོ་དམ་ཡག་པོ་བྱེད་ཐུབ།

    སློབ་གསོ་པུས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་མཉམ་དུ“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་འབྲེལ”འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སློབ་གྲྭའི་ཟ་ཁང་གི་ཐབ་ཚང་ལ་དུས་ཐོག་ཏུ་ཐད་གཏོང་བྱེད་པ་དང་། ཟ་ཁང་གི་ཡུལ་དངོས་ལ་ལྟ་ཆོག་པ། དབང་ཆ་ཡོད་པའི་ལྟ་འདོམས་མི་སྣས་ཐབ་ཚང་གི་ཁོར་ཡུག་འཕྲོད་བསྟེན་དང་བཟའ་བཅའི་ལས་སྣོན་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་ཆོག 2025ལོའི་ལོ་མཇུག་བར“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་འབྲེལ”བྱ་ཐབས་ཁྱབ་ཚད་99%ཟིན་པ་དང་། རྫོང་ཁོངས(དེ་ཡན)ཀྱི་སློབ་གསོ་དང་ཁྲོམ་རའི་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་ཐུབ་ཚད་99%ཟིན་ཡོད།

    ས་གནས་ཁག་གིས་འཚོལ་ཞིབ་ཧུར་ཐག་བྱས་པ་སྟེ། ཧོ་ནན་ཞུས་ཁྲང་གི་སློབ་གྲྭ་1183གྱི་སྒོ་འགྲམ་དུ་རྩ་གཉིས་ཨང་རྟགས་སྦྱར་བས། ཁྱིམ་བདག་གིས་དེ་བཤེར་ནས་སློབ་གྲྭའི་ཐབ་ཚང་གི་ཚལ་དང་གཡོས་སྦྱོར་ལས་སྣོན་སོགས་ཀྱི་གནས་ཚུལ་ལྟ་ཆོག ཁྲུང་ཆིང་ལེང་ཅང་ཁུལ་གསར་གྱིས“AI(མི་ཐབས་རིག་ནུས)དང་སློབ་རའི་ཟ་མའི་རིག་ནུས་དོ་དམ་ཟུང་འབྲེལ”བཀོལ་སྤྱོད་བྱས་པས། ལས་དོན་པས་ཞྭ་མོ་ཚད་ལྡན་མི་གྱོན་པ་དང་ཐབ་ཆས་ཡག་པོ་མི་འཇོག་པ་སོགས་ཀྱི་གནད་དོན་ཚང་མ་དབྱེ་འབྱེད་ཐུབ་པ་དང་འབྲེལ་དག་ཐེར་བྱ་རྒྱུའི་དྲན་སྐུལ་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།