སྨྱན་སྦྱོར་ནི་ཨུ་ཀྲུང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན།
ཉིན་ཤས་གོང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་མང་པོ་ཐོབ་པ་ལས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཨུ་ཀྲུང་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ་བསྐྱར་དུ་མངོན་ཡོད་ལ། འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་ཁྲོད་ཀྱི་ཨུ་ཀྲུང་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་། འཐུས་ཚང་རང་བཞིན། དེ་བཞིན་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཅས་མངོན་ཡོད།
ད་ཐེངས་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཞིང་། མིག་སྔའི་འཛམ་གླིང་ནི་ཟང་ཟིང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་དང་ཉམས་ཉེན་མང་པོ་འཕྲད་བཞིན་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ནས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བར་གཞོལ་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱེད་དོན་ནི་མནའ་འབྲེལ་འཛུགས་ཆེད་མིན་པར་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་དང་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་ཆེད་རེད།
ཨུ་ཀྲུང་འབྲེལ་བ་དེ་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཙམ་མ་ཟད། དེ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བའི་བརྩེ་སེམས་ཀྱི་འབྲེལ་ཐག་དང་རིག་གནས་སྤེལ་རེས་ཐད་མངོན་ཡོད། ཨུ་རུ་སུར་རྒྱ་ཡིག་སྦྱོང་མཁན་མི་ཁྲི་10ལྷག་ཙམ་ཡོད་པའི་ནང་ངའི་ལོ་ན་ཕྲ་བའི་ཕྲུ་གུ་3ཚུད་ཡོད། ཀྲུང་གོའི་ལྟད་མོ་བས་ཨུ་རུ་སུའི་པ་ལིའི་ཞབས་བྲོ་དང་། ཟློས་གར། གླུ་གར་བཅས་ལ་ཧ་ཅང་དགའ་པོ་བྱེད་པས་རྟག་ཏུ་ལྟད་མོ་བ་ཧ་ཅང་མང་པོ་ཡོད་པ་དང་། ཀྲུང་གོའི་ཟ་མར་ཨུ་རུ་སུས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་ཨུ་རུ་སུའི་ཁྲོམ་གཞུང་མང་པོར་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཀལ་ནས་དུས་ཆེན་གྱི་རྣམ་པས་ཁེངས་ཀྱི་ཡོད། སློབ་གསོ་དང་། ཡུལ་སྐོར། གཞོན་ནུའི་དབར་སྤེལ་རེས། དེ་བཞིན་སྨྱན་སྦྱོར་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་ཐད་དངོས་སྒྲུབ་སྤེལ་རེས་རྒྱུན་མཐུད་ཟབ་ཏུ་བཏང་ནས། ཨུ་ཀྲུང་འབྲེལ་བའི་དམངས་འདོད་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་བའི་ཡུན་རིང་གི་འགན་ལེན་ཞིག་རེད།
སྨྱན་སྦྱོར་ནི་ཨུ་ཀྲུང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་ཞིང་། དེང་གི་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱིས་དེའི་ཁྲོད་ཐུན་མོང་མ་ཡིན་པའི་ནུས་པ་འདོན་ཐུབ་པར་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག 2021ལོ་ནས་རྒྱ་ཡིག་འཕྲིན་ལམ་བསྟན་ཚུན། ཀྲུང་གོར་དེང་གི་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་ཆེ་རུ་ཕྱིན་ཡོད་ཅིང་། ཀྲུང་གོའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་མང་པོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། དུས་ཐུང་ལོ་ཤས་ནང་ཀྲུང་གོའི་མང་ཚོགས་དེའི་ནང་ཞུགས་ཚད་དང་དེར་དགའ་པོ་བྱེད་མཁན་མང་དུ་འགྲོ་བའི་ཐད་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁྲོད་དེང་གི་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་མཚོན་ཚུལ་མངོན་གསལ་དོད་ཅིང་། 2025ལོ་ཁོ་ནར་ཀྲུང་གོའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཨང་རྟགས་ནས་བརྙན་ཐུང་སྟོན་ཚད་ཐེངས་དུང་ཕྱུར་30ལྷག་ཙམ་ཟིན་ཡོད།
ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་། བསམ་ཤེས། བརྩི་འཇོག་བཅས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ང་ཚོའི་མཉམ་ལས་ཀྱང་དེ་བས་ཟབ་ཏུ་འགྲོ་རྒྱུ་དང་། ཨུ་ཀྲུང་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་རྨང་གཞིའང་དེ་བས་བརྟན་དུ་ཕྱིན་ནས། དེ་བས་བརྟན་ལ་དྲང་གཞག་གི་སྣེ་མང་འཛམ་གླིང་ཞིག་བསྐྲུན་པར་འགན་ལེན་བྱ་རྒྱུ་རེད།
(རྩོམ་པ་པོ་ནི་དེང་གི་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་དང“དེང་གི་ཨུ་རུ་སུའི”རྒྱལ་སྤྱིའི་སྨྱན་སྦྱོར་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན)
འབྲེལ་ཡོད་གསར་འགྱུར།