ཞིང་ཆེན་བཞིར་དྲག་ཆར་གྱི་གནོད་འཚེ་ཐོན་པར་འགན་བཅོལ་སྐྱིན་ཚབ་སྒོར་དུང་ཕྱུར་1.2སྤྲད་པ།
གསར་འགོད་པས་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར། ཧུའུ་ནན་དང་། ཧུའུ་པེ། ཀོང་ཤིས། ཀུའེ་ཀྲོའུ་སོགས་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་ཐོན་ཞིང་། འགན་བཅོལ་སྒྲིག་གཞིས་མགྱོགས་མྱུར་སྐྱིན་ཚབ་འཇལ་བའི་ཐབས་ལམ་བཏོད་དེ་སྐྱིན་ཚབ་འཇལ་ཐུབ་རིགས་ལ་མགྱོགས་མྱུར་སྐྱིན་ཚབ་འཇལ་བ་དང་། སྐྱིན་ཚབ་འཇལ་དགོས་རིགས་ལ་སྐྱིན་ཚབ་གང་ཐུབ་འཇལ་བ། ལུགས་དང་མཐུན་རིགས་ལ་སྔོན་ནས་སྐྱིན་ཚབ་འཇལ་བ་བཅས་ལ་སྐུལ་འདེད་བཏང་ཡོད། ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་9པའི་བར། འབྲེལ་ཡོད་འགན་བཅོལ་སྒྲིག་གཞིར་གྱོད་དོན་སྙན་སེང་ཁྲི་2ལྷག་ཙམ་འབྱོར་བ་དང་ཚོད་དཔག་བྱས་ན་གྱོང་གུན་སྒོར་དུང་ཕྱུར་5.1ཕོག་པ་དང་སྐྱིན་ཚབ་སྒོར་དུང་ཕྱུར་1.2འཇལ་ཟིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སིའི་ས་གནས་མང་པོའི་ཡན་ལག་སྒྲིག་གཞིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་སེལ་འཐབ་ས་དང་པོར་བསྐྱོད་པ་དང་འབྲེལ། ས་ཁུལ་དང་གྲོང་ཁྱེར་309དང་རྫོང་877དུ་གནོད་འཚེ་ཆེན་པོའི་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ས་ཚིགས་1000ལྷག་ཙམ་སྔ་སྣུར་དུ་བཙུགས་ཤིང་། དུས་བདེ་རྒྱུ་ནོར་འགན་བཅོལ་གྱིས་ཆུ་འགོག་པང་ལེབ་དང་། ཆུ་འཐེན་འཕྲུལ་འཁོར། སྲོག་སྐྱོབ་གྲུ་གཟིངས། སྦོས་མཆེད་བྱེ་ཁུག་སོགས་འཕྲལ་སྡོམ་དངོས་ཟོག་རིགས་36གྲབས་གསོག་བྱས་ནས“འཕྲལ་སྤྱོད་འཕྲལ་གསབ་དང་འགུལ་རྣམ་འགན་སྲུང”ལམ་སྲོལ་ལག་བསྟར་བྱས་ཏེ། གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་མགྱོགས་མྱུར་དང་ལེན་ཞུ་བར་སྐུལ་འདེད་བཏང་ཡོད།
དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བས། ཉེ་ཆར《འབྲུབ་ཆུ་རྒྱས་དུས་ཀྱི་འབྲེལ་ཡོད་གནོད་འཚེར་ཁ་གཏད་གཅོག་པ་དང་འགན་བཅོལ་སྐྱིན་ཚབ་འཇལ་བའི་ཞབས་ཞུའི་ལས་དོན་ཏན་ཏིག་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་། ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་བཟོ་བ། རང་འགུལ་ངང་སྔོན་ཚུད་ཞབས་ཞུ་སྒྲུབ་པ་བཅས་བྱེད་དགོས་ཤིང་། འགན་བཅོལ་སྐྱིན་ཚབ་འཇལ་བ་དང་སྔོན་ལ་སྐྱིན་ཚབ་འཇལ་བའི་མྱུར་ཚད་རྗེས་སྙེག་དམ་ཟབ་བྱས་ཏེ་མཁོ་མཁན་གྱི་རེ་ཞུར་དུས་ཐོག་ཏུ་ལན་སློག་པ་དང་འགན་བཅོལ་སྐྱིན་ཚབ་འཇལ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།