ཞི་ཅིན་ཕིང་གིས“རྒྱ་མཚོ་ཆེན་པོ་མཉམ་དུ་སྒྲོལ། ཀྲུང་ཨའི་གཞོན་ནུའི་མཛའ་གྲོགས་བྱ་སྤྱོད”ཀྱི་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་གཉིས་ཀྱི་སློབ་མར་འཕྲིན་ལན་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱ་མཚོ་ཆེན་པོ་མཉམ་དུ་སྒྲོལ། ཀྲུང་ཨའི་གཞོན་ནུའི་མཛའ་གྲོགས་བྱ་སྤྱོད”ཀྱི་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་གཉིས་ཀྱི་སློབ་མར་འཕྲིན་ལན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་གཉིས་ཀྱི་སློབ་མས“ཀྲུང་ཨའི་གཞོན་ནུའི་མཛའ་གྲོགས་རྟགས་ཅན”གྱི་གྲུ་གཟིངས་ལ་བསྡད་དེ་མཉམ་དུ་བརྗེད་པར་དཀའ་བའི་མཛའ་གྲོགས་ཀྱི་འགྲུལ་བཞུད་བྱས་ཤིང་། ཀྲུང་ཨའི་མཛའ་མཐུན་གྱི་གཏམ་རྒྱུད་དེ་མི་དམངས་ཀྱིས་བརྩམས་པ་དང་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་གཞོན་ནུ་ཚོས་གཏོད་རྒྱུ་རེད། 2023ལོའི་ཟླ་11པར་ངས“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་ལ་ཡོང་རྒྱུའི་གདན་ཞུའི”གྲོས་འགོ་བཏོན་པ་ནས་བཟུང་། ད་བར་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ལྷག་ཙམ་ཀྲུང་གོར་ལྟ་སྐོར་འཚམས་འདྲིར་ཡོང་ནས་ལོ་གཉིས་དང་ལོ་ཕྱེད་ནང་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད། འགྲོ་འོང་སྤེལ་རེས་བྱེད་རིང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཨ་ཕྱོགས་གཉིས་སུ་བསྐྱོད་ནས་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་མཐུན་སྤེལ་རེས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། གཞོན་ནུ་ལོ་ཆུང་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཕུགས་བསམ་ལྡན་པ་ཞིག་ཡིན་པས་ཁོང་ཚོ་ནི་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་དང་རེ་བ་ཡིན་ལ། འཛམ་གླིང་གི་འབྱུང་འགྱུར་དང་རེ་བ་ཡང་ཡིན། ཀྲུང་ཨའི་གཞོན་ནུ་ལོ་ཆུང་དེ་བས་མང་བས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་བྱ་གཞག་གི་རྒྱུག་མཐུད་དབྱུག་པ་ཁྱེར་ནས་ཕན་ཚུན་སློབ་སྦྱོང་དང་ཐུན་མོང་ཡར་རྒྱས་ཡོང་བར་བྱས་ཏེ། ཞི་བདེ་རྒྱ་མཚོ་ཆེན་པོ་སྒྲོལ་བའི“མཛའ་གྲོགས་ཀྱི་ཕོ་ཉར”འགྱུར་བར་བྱས་ནས། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཉེ་དུས། “རྒྱ་མཚོ་ཆེན་པོ་མཉམ་དུ་སྒྲོལ། ཀྲུང་ཨའི་གཞོན་ནུའི་མཛའ་གྲོགས་བྱ་སྤྱོད”ཀྱི་བྱེད་སྒོར་ཞུགས་མཁན་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སློབ་མས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས“ལོ་ལྔ་ལ་ཁྲི་ལྔ”ཡི་གྲོས་འགོས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་སློབ་སྦྱོང་སྤེལ་རེས་བྱེད་པར་རྩ་ཆེའི་གོ་སྐབས་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།