མཚོ་སྔོན་གྱི་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་200ལས་བརྒལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། ཟླ་5པའི་ཟླ་དཀྱིལ་བར། མཚོ་སྔོན་གྱི་ལྗང་མདོག་གློག་ཉོ་ཚོང་གི་གཞི་ཁྱོན་རིམ་རྩིས་བརྒྱབ་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་200ལས་བརྒལ་ནས་ཆན་ཝ་ཆུ་ཚོད་དུང་ཕྱུར་200.9ཟིན་པ་དེ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1500ལྷག་ཙམ་ཉུང་དུ་ཕྱིན་པ་དང་མཚུངས་ཤིང་། དེའི་ནང་ཞིང་ཆེན་དབར་གློག་ཉོ་ཚོང་བྱེད་ཚད་བཅུ་ཆ་དགུ་ལས་བརྒལ་ནས་ནུས་རྒྱུ་གཙང་མ“གཏོང་ཐུབ་པ་དང་། ཐག་རིང་པོར་གཏོང་བ། བེད་སྤྱོད་གཏོང་ཚུལ་བརྟན་པོ”བཅས་བྱུང་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་འཛུགས་གཏོད་དང་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་བསྒྱུར་ལ“མཚོ་སྔོན་གྱི་ཇུས་གཞི”མཁོ་འདོན་བྱས་ཡོད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ལེགས་ཆ་མངོན་གསལ་དོད་ཅིང་། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད“གཙོ་གཞི་གཉིས”མངོན་འགྱུར་ཐོག་མ་བྱས་ཡོད། 2026ལོའི་ཟླ་4པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8527.8ཟིན་པའི་ནང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་གྲངས་93.3%དང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་གྲངས་74.1%ཟིན་ནས་ལྗང་མདོག་གློག་ཉོ་ཚོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་ཆེན་པོར་བརྟེན་ནས་དུས་རིང་འབྲིང་དང་། ལག་ཡོད་ཚོང་ཟོག གཞོགས་འདེགས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི་ཁྲོམ་རའི་མ་ལག་བཙུགས་ནས་ལྗང་མདོག་གློག་བསྟུད་མར་ཉོ་ཚོང་བྱེད་ཐབས་ཞིབ་ཚགས་སུ་བཏང་ཞིང་། མིག་སྔར་མཚོ་སྔོན་གྱི་ལྗང་མདོག་གློག་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)23ལ་ཕྱིར་གཏོང་བྱེད་ཀྱི་ཡོད།
མཚོ་སྔོན་གྱིས་ལྗང་མདོག་གློག་གཏོང་ཉོ་ཚོང་ལམ་སྲོལ་རྒྱུན་མཐུད་ལེགས་སྒྲིག་བྱས་ཏེ། ལྗང་མདོག་གློག་གི་ཁྲོམ་ར་སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ནས་ཁྲོམ་རར་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད། 2025ལོའི་ཟླ་9པར། མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་ནུབ་བྱང་ས་ཁུལ་གྱི་ལྗང་མདོག་གློག་སྒོ་བྱང་བཀལ་ནས་ཉོ་ཚོང་ཐོག་མ་བྱས་ཤིང་། དྲ་ཐོག་ལས་སྟེགས་ལ་བརྟེན་པ་དང་ཉོ་ཚོང་ཕྱོགས་གཉིས་པོས་སྒོ་བྱང་བཀལ་ནས་ཉོ་ཚོང་བྱེད་སྟངས་གསར་པ་དེས་བརྒྱུད་རིམ་སྟབས་བདེ་རུ་དང་ལས་ཕྱོད་ཆེ་རུ་བཏང་ཡོད་ལ་སྤྲོད་མཁོའི་འཚམ་མཐུན་རང་བཞིན་དེ་བས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།