མཚོ་སྔོན་གྱིས་ཁོངས་གྲོལ་ཁྲལ་སློག་ལས་སྒོ་ཐོག་མ་གཉེར་ནས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་26ཉིན། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཕྱིའི་འགྲུལ་པའི་ཟོག་ཉོའི་ཁོངས་གྲོལ་ཁྲལ་སློག་ལས་སྒོ་ཐོག་མ་ཟི་ལིང་ཚའོ་ཅཱ་པའོ་རྒྱལ་སྤྱིའི་གནམ་ཐང་དུ་གཉེར་བ་རེད། ཤང་ཀང་གི་འགྲུལ་པ་མཁྱེན་ལྡན་མ་ཚའོ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གྲོལ་ཁྲལ་སློག་ཚོང་ཁང་ཐོག་མ་ཝང་ཧྥུའུ་ཅིང་གླང་ཆེན་གྲོང་ནས་མཚོ་སྔོན་གྱི་ཁྱད་ལྡན་ཚོང་ཟོག་ཁག་གཅིག་ཉོས་ཤིང་། འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་གནམ་ཐང་དེའི་ཁྲལ་སློག་ལས་ཚབ་ས་ཚིགས་ནས་ཁྲལ་དངུལ་བསློགས་པ་དེ་མཚོ་སྔོན་ཞིང་ཆེན་གྱིས་ཁོངས་གྲོལ་ཁྲལ་སློག་སྲིད་ཇུས་ལག་བསྟར་རྗེས་ཀྱི་ཕན་པ་ཐོབ་མཁན་དང་པོར་གྱུར་ཡོད།
ད་ཐེངས་ཀྱི་ལས་སྒོ་ཐོག་མ་གཉེར་མཇུག་འགྲིལ་བ་དེ་ཐོག་ནས། ཁོངས་གྲོལ་ཁྲལ་སློག་སྲིད་ཇུས་མཚོ་སྔོན་ཞིང་ཆེན་དུ་དངོས་སུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་མཚོན་པ་དང་ཆབས་ཅིག མངའ་ཁོངས་སུ་འཛུལ་ནས་འཛད་སྤྱོད་སྲིད་ཇུས་ཀྱི་ཞན་ཆ་གསབ་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་བྱེད་ཤུགས་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་དམ་འཛིན་བྱ་གཞི་གལ་ཆེན་མཁོ་འདོན་བྱས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་ཕྱིར་གཏོང་བྱ་རྒྱུའི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཐོན་ས་གཏོད་པ་དང་། “མཚོ་སྔོན་གྱི་ཚོང་ཟོག་ཡག་པོའི”ཡིད་དབང་འཕྲོག་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་བ་མཚོན་ཡོད།
ལས་དོན་འདི་སྤེལ་སྐབས་ཞིང་ཆེན་ཚོང་དོན་ཐིང་གིས་སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་འབྲེལ། ཁྲལ་སློག་ཚོང་ཁང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཁྲལ་སློག་ཚོང་ཟོག་མཁོ་སྤྲོད་བྱེད་མང་དུ་གཏོང་བ། མངའ་ཁོངས་སུ་འཛུལ་བའི་འཛད་སྤྱོད་ཞབས་ཞུ་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། ཁོངས་གྲོལ་ཁྲལ་སློག་གི“ཉོས་འཕྲལ་སློག་པའི”སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མཛའ་གྲོགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ནས། མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།