སྐབས་བཅུ་བཞི་པའི་ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གིས་གླེང་མོལ་བྱས་པ།
ཟླ་5ཚེས་26ཉིན། སྐབས་བཅུ་བཞི་པའི་ཀྲུང་དབྱིན་སྲིད་ཏང་གླེང་མོལ་ཅང་སུའུ་ཡི་དབྱང་ཀྲོའུ་རུ་བྱས་ཤིང་། བརྗོད་དོན་གཙོ་བོ་ནི“སྲིད་ཏང་གི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་དབྱིན་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་དགོས”ཞེས་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། ས་གནས། མཐོ་སློབ་བཅས་ཀྱི་འཐུས་མི་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་དང་དབྱིན་ཀྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏིང་ཏུན། དབྱིན་ཇིའི་བཟོ་པའི་ཏང་དང་རྙིང་ཞེན་ཏང་གི་དབྱི་ཡོན་གྲོས་མི། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་དཔོན་རིགས། དེ་བཞིན་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལས་རིགས་ཀྱི་མི་སྣ་སོགས་མི་60ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པོ། དགེ་མཚན་ལྡན་པ་བཅས་ཀྱི་སྤེལ་རེས་བྱས་ཏེ་ཀྲུང་དབྱིན་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེར་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཐབ་ཇུས་རོགས་ཟླའི་ཐོག་མའི་བསམ་འདུན་དང་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་དང་སྒོ་དབྱེ་བསྟུན་མཁས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐུན་མོང་འཕེལ་རྒྱས་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།