རིག་རྫས་འགྲེམས་ཚོགས་ཐོག་APECདཔལ་འབྱོར་སྡེ་གཞིའི་འགྲེམས་ཁུལ་ཐོག་མར་བཙུགས་པ།
རིག་གནས་འབྲེལ་ཟམ་དུ་བྱས་ཏེ་མཉམ་འདྲེས་ཀྱི་ལེའུ་གསར་པ་བརྩམས་པ།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི“ཀྲུང་གོའི་ལོ”དེ་གྲོལ་མ་ཐག་པའི་སྐབས་ཉེར་གཉིས་པའི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་འགྲེམས་ཚོགས(གཤམ་དུ“རིག་རྫས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཐོག་APECདཔལ་འབྱོར་སྡེ་གཞིའི་འགྲེམས་ཁུལ་ཐོག་མར་བཙུགས་པ་དང་སྐབས་འཁེལ་ཡོད། འགྲེམས་སྟོན་བྱེད་རིང་ལྟད་མོ་བ་མང་པོ་ཞིག་འགྲེམས་ཁུལ་དུ་བསྐྱོད་དེ་ལྟད་མོ་ལྟ་བ་དང་ཉམས་ལེན་བྱས་ནས་དཔལ་འབྱོར་སྒྲིག་གཞི་ཁག་གི་ཁྱད་ལྡན་རིག་གནས་བསམ་བཀོད་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་རེད།
ཧིན་རྡུ་ཉི་ཞི་ཡའི་འགྲེམས་སྟེགས་སུ་མི་ཧ་ཅང་མང་པོ་ཡོད་པ་དང་པྲ་ཚིལ་གྱིས་ཚོས་བརྒྱབ་པའི་ལག་ཐོགས་ཁ་པར་གྱི་ཁུག་མ་ཞིག་བྲིན་ཁ་ཧ་ཅང་རྒྱུག་པས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། “དང་ཐོག་འཁྱེར་ཡོང་བའི་པྲ་ཚིལ་གྱིས་ཚོས་བརྒྱབ་པའི་ལག་ཐོགས་ཁ་པར་གྱི་ཁུག་མ་བཅུ་གྲངས་ཚང་མ་བཙོངས་ཟིན་པ་མ་ཟད། རྗེས་སུ་ཁ་གསབ་བྱས་པ་ཚང་མའང་བཙོངས་ཟིན། འདག་རྫས་དང་ཅང་རྫས་རིགས་ལ་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་འགྲེམས་སྟེགས་ཀྱི་ལས་དོན་པ་ཧོང་དབྱང་ཧུང་གིས་ད་ཐེངས་ཀྱི་འགྲེམས་སྟོན་ནང་ཞུགས་ནས་APECཡི“ཀྲུང་གོའི་ལོའི”གོ་སྐབས་དང་རིག་རྫས་འགྲེམས་ཚོགས་ཀྱི་སྤུས་ལེགས་ལས་སྟེགས་ལ་བརྟེན་ནས་མི་དེ་བས་མང་པོས་ཧིན་རྡུ་ཉི་ཞི་ཡའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱས་ཏེ། རིག་གནས་དང་ཚོང་དོན་ཁྱབ་ཁོངས་ཀྱི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཟབ་མོ་དང་མཉམ་ལས་དམ་ཟབ་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
2027ལོའི་APECམགྲོན་བདག་རྒྱལ་ཁབ་ཡིན་པའི་ཝེ་ཐེ་ནམ་གྱི་འགྲེམས་སྟེགས་སུ་མི་ཚོགས་ཆེ་ཞིང་བཀྲག་མདངས་འཚེར་ས་མང་པོ་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་འཚོ་བའི་རིག་གནས་ཐབས་མཁས་མཉམ་འདྲེས་བྱུང་བ་དང་། སྲོལ་རྒྱུན་གྱི་སྤུས་ཀ་དག་པའི་འཚེམ་དྲུབ་ལས་བཟོ་བོའི་སྙིང་སྟོབས་མངོན་པ། ལག་བཟོའི་ཀོག་ཧྥེའི་དྲི་ཞིམ་གང་སར་འཐུལ་བས་ལྟད་མོ་བ་མང་པོ་བྲོ་བ་མྱོང་དུ་སླེབས་ཡོད།
ཧན་གོའི་རིག་གནས་ནང་དོན་དབང་སྤྲོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཐའེ་ཧྥུང་ནི་རིག་རྫས་འགྲེམས་ཚོགས་ཀྱི“གྲོགས་པོ་རྙིང་པ”ཡིན་པ་དང་ད་ཐེངས་ཁོང་གིས་ཚོགས་པ་ཁྲིད་དེ་སླར་ཡང་འགྲེམས་སྟོན་ནང་ཞུགས་ཡོད། རྒྱུན་མཐུད་འགྲེམས་སྟོན་ནང་ཞུགས་རྒྱུའི་སྐོར་གླེང་སྐབས། ཀྲའོ་ཐའེ་ཧྥུང་གིས། ཀྲུང་གོའི་རིགས་ཁག་གི་ཁེ་ལས་དེ་བས་མང་པོ་དང་སྦྲེལ་མཐུད་བྱས་ནས་IP(ཤེས་བྱའི་བདག་དབང)དབང་སྤྲོད་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་ཇུས་འགོད་པ་ཡུས་ཁྲའོ་ཙུང་གིས་འགྲེམས་ཁུལ་གྱིས་རིག་གནས་བསམ་བཀོད་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་འགྲེམས་སྟོན་བྱས་པ་དང་འགྲེམས་ཞུགས་ཚོང་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་རིག་གནས་བསམ་བཀོད་སྤུས་རྟགས་གཅིག་སྡུད་བྱས་ཡོད་ཅེས་བརྗོད་ཅིང་། ཁོང་གིས“ད་ཐེངས་ཀྱི་རིག་རྫས་འགྲེམས་ཚོགས་ལ་ཞུགས་སྐབས་འགྲེམས་ཞུགས་ཚོང་པ་ཚང་མར་ཚོང་དོན་སྦྲེལ་མཐུད་ཀྱི་དགོས་མཁོ་ཆེན་པོ་ཡོད། ཕྱོགས་གཅིག་ནས་ཁོང་ཚོས་རྒྱལ་ནང་གི་ཁྲོམ་རའི་བྲིན་ཚོང་ཐབས་ལམ་བཏོད་དེ་འབྲེལ་ཡོད་ལས་རྣམ་གྱི་མཉམ་ལས་ཚོང་པ་འཚོལ་རེ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་འགྲེམས་ཞུགས་ཚོང་པ་མི་ཉུང་བ་ཞིག་གིས་ཀྱང་རིག་རྫས་འགྲེམས་ཚོགས་ཀྱི་གོ་སྐབས་ལ་བརྟེན་ནས་གོ་ལ་ཧྲིལ་པོ་ཅན་བཀོད་སྒྲིག་བྱེད་ཀྱི་ཡོད་པས་མིག་སྔར་ང་ཚོར་སྦྲེལ་མཐུད་ཀྱི་འདུན་པ་མི་ཉུང་བ་ཞིག་བྱུང”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།